རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༡༨ཉིན། རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་མངའ་ཁུལ་རཱ་ཇི་པུར་ཡོད་པའི་༼ཚེ་རིང་དོན་ལྡན་གླིང་༽བོད་མིའི་གཞིས་ཆགས་ལ། སྤྱིར་འཕྲོད་བསྟེན་དང་འགྲིམ་འགྲུལ་སོགས་དཀའ་ངལ་མང་པོ་ཞིག་ཡོད་པའི་ནང༌། དམིགས་བསལ་འཐུང་ཆུའི་དཀའ་ངལ་ཆེན་པོ་ཞིག་འཕྲད་དང་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུགགནས་ཚུལ་དེའི་སྐོར་འདི་གའི་གསར་འགོད་པས་ཡིག་ཐོག་ནས། ཚེ་རིང་དོན་ལྡན་གླིང་ས་གནས་བུད་མེད་ཀྱི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་སུ། ཚེ་རིང་དོན་ལྡན་གླིང་གཞིས་ཆགས་ཀྱི་ལོ་རྒྱུས་དང༌། དཀའ་ངལ་སྐོར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་ཡིན།
ཁོ་མོས་གཞིས་ཆགས་དེ་ག་དུས་གསར་འཛུགས་གནང་མིན་དང༌། ཁྱིམ་དུད། མི་གྲངས། མཐུན་རྐྱེན། དཀའ་ངལ་བཅས་ཀྱི་སྐོར་ལན་འདེབས་ཞིབ་ཕྲ་གནང་དོན།
རཱ་ཇི་པུ་ནི་བོད་མི་རྣམས་དེར་གཞིས་ཆགས་ནས་ལོ་ངོ་༣༠ཙམ་ཕྱིན་ཡོད། དེར་མཐུན་རྐྱེན་སྐྱོ་ཞིང་ལས་མེད་ཧ་ཅང་མང་བ་གང་ཞིག་ཁང་གླ་སྤྲོད་ནས་འཚོ་སྡོད་བྱས་ཡོད་སྟབས། སྐབས་དེར་སྐུ་ཞབས་སངས་རྒྱས་ཡེ་ཤེས་ལགས་ནས་གཏོང་ཕོད་ཆེ་བའི་ཕྱི་རྒྱལ་གྱི་སྦྱིན་བདག་ཁག་ཅིག་དང་འབྲེལ་བ་གནང་ནས། བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་གཞིས་ཆགས་འདི་གསར་འཛུགས་བྱས་ཞིག་རེད། རཱ་ཇི་པུར་ཁང་གླ་སྤྲོད་ནས་གནས་སྡོད་བྱེད་མཁན་བོད་མི་རྣམས་གཞིས་ཆགས་གསར་པ་འདིར་གནས་སྤོས་བྱས་ཤིང༌། ཕྱི་ལོ་༢༠༠༥ལོའི་ཟླ་༣པའི་ཚེས་༢༩ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་གྲོང་གསར་པ་འདིར་༼ཚེ་རིང་དོན་ལྡན་གླིང་༽ཞེས་མིང་བསྩལ་གནང་མཛད་པ་ཞིག་རེད། ད་ལྟའི་ཆར་ཚེ་རིང་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ལ་ཁྱོན་ཁྱིམ་དུད་ ༡༤༩ དང༌། མི་གྲངས་༨༥༠ ཙམ་ཡོད།
གཞིས་ཆགས་འདི་བོད་མིའི་གཞིས་ཆགས་གཞན་ལྟར་ཁ་ཐུག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་གནས་མེད། གཞིས་ཆགས་འདིའི་མི་མང་གི་དཀའ་ངལ་ཆེ་ཤོས་ནི་ཆུའི་དཀའ་ངལ་ཡིན། ཉིན་གསུམ་རེའི་མཚམས་སུ་འཐུང་ཆུ་དུས་ཡུན་སྐར་མ་༡༥ཙམ་ལས་ཡོང་གིན་མེད་ལ་མཚམས་རེར་ཉིན་༥རེའི་མཚམས་ལས་ཡོང་གིན་མེད།
འཕྲོད་བསྟེན་གྱི་ཆ་ནས༌། གཞིས་ཆགས་འདིར་སྨན་རྩིས་ཁང་ནས་ཟླ་བ་རེའི་མཚམས་སུ་ཐེངས་རེ་ཡོང་གི་ཡོད་པ་ལས། གཞན་འཕྲོད་བརྟེན་ལས་ཁུངས་ཀྱི་ངོས་ནས་སྨན་ཁང་སོགས་ཀྱི་མཐུན་རྐྱེན་དེ་འདྲ་གང་ཡང་མེད་སྟབས། རྒན་ཁོག་དེ་ཚོའི་འཕྲོད་བརྟེན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།
འགྲིམ་འགྲུལ་གྱི་ཆ་ནས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དེ་གཞིས་གྲོང་འདི་ལས་བར་ཐག་སྤྱི་ལེ་༣ཙམ་གྱི་མཚམས་སུ་ཡོད་པ་དང༌། འཆར་ཅན་ཉིན་ལྟར་འཚོ་བའི་ཁྲོད་རྒན་ཁོག་དེ་ཚོས་རི་སྟེང་ནས་སྤྱི་ལེ་༣རིང་གོམ་བགྲོད་བྱེད་དགོས་དུས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། འོན་ཀྱང་དཀའ་ངལ་རེ་རེ་བཞིན་བགྲང་ན་ཧ་ཅང་མང་པོ་ཡིན་ཡང༌། དཀའ་ངལ་ཆེ་ཤོས་དེ་འཐུང་ཆུ་རེད། ༼གལ་སྲིད་ཆུ་མེད་ན། འཕྲོད་བསྟེན་མེད།༽
དེ་སྔོན་སྐུ་ཞབས་སངས་རྒྱས་ཡེ་ཤེས་ལགས་དམ་པ་དེ་ཉིད་ཀྱི་བུས་རོགས་རམ་འོག ཆུ་ཡུལ་ལྕགས་སྦུག་ཅིག་འདྲེན་ཀྱང་ལེགས་གྲུབ་དང་གྲུབ་འབྲས་ཐོན་མེད་སྟབས། གྲུབ་འབྲས་ཐོན་མིན་ཇི་ལྟར་ཡང་ང་ཚོས་ཉེ་འགྲམ་གྱི་གྲོང་སྡེ་ཞིག་ནས་ཆུ་ཀ་ལ་འཐེན་རྒྱུའི་སྐོར་བསམ་བློ་གཏོང་བཞིན་པ་ཡིན། ང་ཚོས་གྲོང་སྡེ་དེའི་གནད་ཡོད་མི་སྣ་དང་མི་མང་ལ་བཀའ་མོལ་ཞུ་བཞིན་པ་ཡིན།
ད་ལྟའི་ཆར་གཞིས་ཆགས་འདིའི་མི་མང་ལ་དམིགས་བསལ་གྱི་ལྟ་རྟོགས་དང་རོགས་རམ་གནང་མཁན་དེ་འདྲ་མེད། འོན་ཀྱང་ས་གནས་བུད་མེད་ཚོགས་པའི་རོགས་རམ་བརྒྱུད། ཀལ་མིན་ཊོན་གནས་བཞུགས་ Khando Rinpoche མཁན་རྡོ་རིན་པོ་ཆེ་མཆོག་ནས་གཞིས་མི་རྒན་ཁོག་རྣམས་ལ་ཟླ་རེར་ཧིན་སྒོར་༥༠༠རེ་གནང་གིན་ཡོད་པ་རེད།
ས་གནས་བུད་མེད་ཚོགས་པས་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ལ་བལྟོས་པར། སྒེར་དོན་ཟུར་དུ་བཞག་ནས་རང་ནུས་ཅི་ཡོད་ཀྱིས། གཞིས་ཆགས་འདིའི་དཀའ་ངལ་ཆེ་ཕྲ་ཆུང་གསུམ་སེལ་ཐབས་ལ་འབད་བརྩོན་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཞིག་དང༌།
སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཚོགས་སྡེ་ཁག་འདྲ་མིན་ནས་གཞི་རྩའི་དགོས་མཁོ་སྟེ། དངུལ་དངོས་ཀྱི་ཐོག་ནས་རོགས་རམ་མང་པོ་ཞིག་གནང་དང་གནང་བཞིན་པ་ལྟར། གཞིས་གྲོང་འདི་ལའང་ཚོགས་སྡེ་ཁག་ནས་མི་མང་གི་འཐུང་ཆུའི་དཀའ་ངལ་སེལ་ཐབས་ཐད་སྦྱིན་བདག་དང༌། རོགས་རམ་གནང་མཁན་དེ་འདྲ་རེ་བ་རྒྱག་བཞིན་ཡོད།
མཇུག་མཐར། རྣམ་པ་ཚོས་ང་ཚོའི་གནད་དོན་འདིའི་ཐོག་དོ་སྣང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དཀའ་ངལ་འདི་དཀའ་ངལ་ཆུང་ཆུང་ཞིག་མ་ཡིན་པར་གཞི་རྩའི་མིའི་འཚོ་བའི་དཀའ་ངལ་ཞིག་ཆགས་ཡོད་སྟབས། ང་ཚོའི་ལས་འཆར་འདི་གྲུབ་འབྲས་མ་ཐོན་པར་ཁྱེད་ཚོས་གང་ཐུབ་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

ཆེད་སྒྲིག 

