རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༡༩ཉིན། ཉེ་ཆར་ཕྱི་ཟླ་༧པའི་ཚེས་༡༦ཉིན་བཙན་བྱོལ་བོད་མིའི་ཚོང་ལས་སྡེ་ཚོགས་ Chamber of Commerce (TCC) ཀྱི་ཟུང་དྲུང་ཐུབ་བསྟན་བྱམས་པ་ལགས། སྒེར་ངོས་ནས་དབྱིན་ཡུལ་དུ་བསྐྱོད་ཡོད་པ་དང༌། སྐབས་དེར་ཁོང་གིས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བོད་མིའི་ཚོགས་སྡེ་དང་བོད་ཀྱི་ངལ་སེལ་ཐེབས་རྩ་གཉིས་ལ་བཙན་བྱོལ་བོད་མིར་མུ་མཐུད་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
རྒྱ་གར་ནང་ཡོད་པའི་སྐྱབས་བཅོལ་བོད་མིར་ཆེས་ཐོག་མར་རོགས་རམ་གནང་མཁན་གྱི་ཚོགས་པ། བོད་ཀྱི་ཚོགས་སྡེ་དང་བོད་ཀྱི་ངལ་སེལ་ཐེབས་རྩ་གཉིས་ནི། ཕྱི་ལོ་༡༩༥༩ལོའི་ཕྱི་ཟླ་༣པའི་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་༨༧༠༠༠ཙམ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་གསར་འཛུགས་བྱས་པ་ཞིག་ཡིན་འདུག
དེར་བརྟེན་ཐེངས་འདིར་བོད་ཀྱི་ཚོང་ལས་སྡེ་ཚོགས་ཀྱི་ཟུང་དྲུང་ཐུབ་བསྟན་བྱམས་པ་ལགས་ཀྱིས། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཚོགས་པ་དེ་གཉིས་ཀྱི་མི་སྣ་དང་ཐུག་འཕྲད་ཀྱིས། སྐྱབས་བཅོལ་བོད་མིར་མུ་མཐུད་ནས་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
ཐུབ་བསྟན་བྱམས་པ་ལགས་ནི་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་མོན་རྟ་དབང་ནས་ཡིན་ཞིང༌། འདི་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་གོ་སྒྲིག་གནང་མཁན་གཙོ་བོ་ཞིག་ཆགས་ཡོད། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༦༣ ནས་ཁྱོན་དད་ལྡན་ཆོས་ཞུ་བ་མི་གྲངས་༢༠༠།༠༠༠ ཙམ་ཕེབས་ཡོད།
ཐུབ་བསྟན་བྱམས་པ་ལགས་ཀྱིས་རྒྱ་གར་ནང་ EarthLink Tours & Travels ༼གོ་ལ་འབྲེལ་མཐུད་འགྲིམ་འགྲུལ་༽ཞེས་པའི་ལས་ཁུངས་ཞིག་གསར་འཛུགས་བྱས་ཡོད་པ་དང་། བོད་མིའི་ཚོང་ལས་སྡེ་ཚོགས་ནི་ཕྱི་ལོ་༢༠༠༥ལོར་གསར་འཛུགས་བྱས་པ་ཞིག་རེད་འདུག་ལ། ད་ལྟའི་ཆར་ཁྱོན་ཚོགས་མི་ ༡༩༠ ཙམ་ཡོད་འདུག
འབྲེལ་ཡོད་དྲ་རྒྱ་ཁག་ཅིག
• www.tibetsociety.com
• www.tibetrelieffund.co.uk
• http://www.earthlinktravels.com
• http://tibet.net/2005/10/19/tibetan-chamber-of-commerce-registered
• http://www.facebook.com/pages/Tibetan-Chamber-of-Commerce/148903698515434
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

ཆེད་སྒྲིག 

