རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༢ཚེས་༥ཉིན། འདི་ལོའི་ཕྱི་ཟླ་༣པའི་ཚེས་༤རེས་གཟའ་ཉི་མ་ཉིན། བྷེལ་ཇམ་གྱི་རྒྱལ་ས་བྷིལ་ཟིལ་དུ་བྷེལ་ཇམ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་ཉིན་མོ་སྲུང་བརྩི་བྱ་འཆར་ཡོད་འདུག
གོང་ཚེས་ཉིན་གྱི་ཡུལ་དེའི་ཉིན་གུང་ཆུ་ཚོད་༡༢ནས་ཕྱི་དྲོའི་ཆུ་ཚོད་༥བར་རྒྱལ་ས་བྷིལ་ཟིལ་གྱི་(Sall<<Le Cercle>>,6Tue Doyen Boone,1040Bruxelles Merode)ཞེས་པ་རུ་ཚོགས་འཆར་ཡོད་པ་དང༌། ཉིན་དེའི་ཆུ་ཚོད་༡༢ཐོག བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་མཐུན་སྦྱོར་འོག བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་ལ། སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་གསུང་བཤད་དང་དགེ་འདུན་པ་ཚོས་ཆོས་གསུང་རྒྱུ། དེ་ནས་བྷེལ་ཇམ་བོད་ཕྲུག་སློབ་གྲྭའི་སློབ་མ་ཚོས་བོད་གཞིས་གཏོང་རྒྱུ་བཅས་ཡིན་པ་དང༌།
ཉིན་རྒྱབ་ཆུ་ཚོད་༡པོའི་ཐོག རང་གིས་བཟོས་པའི་བོད་ལུགས་དང་རྒྱ་གར་ལུགས་ཀྱི་ཉིན་གུང་གི་གསོལ་ཚིགས་མཆོད་རྒྱུ། ཆུ་ཚོད་༢པར་བོད་ཆོལ་ཁ་གསུམ་གྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་དང༌། བོད་ཟས་རྩམ་པ་དང་ཇ་ཇི་ལྟར་དགོས་པའི་སྐོར་གྱི་ཟབ་སྦྱོང༌། དེ་རྗེས་དགེ་འདུན་པ་ཚོས་ཆོས་རྩོད་གནང་རྒྱུ། ཆུ་ཚོད་༣པ་ཐོག བོད་ཀྱི་ཨང་གྲངས་ངོས་འཛིན་གྱི་ཇ་དང་ཀུ་ཤུའི་རྩེད་མོ་རྩེ་རྒྱུ། ཆུ་ཚོད་༤པ་ལ་བོད་ཀྱི་འབྲོག་པའི་འཚོ་སྟངས་སྐོར་གྱི་གློག་བརྙན་ཞིག་སྟོན་རྒྱུ། དེ་ནས་ཆུ་ཚོད་༤དང་ཕྱེད་ཀའི་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་ལྭ་བ་༼ཆུ་པ༽གྱོན་སྟངས་ཡག་ཤོས་སུ་ཡིན་འདེམས་སྒྲིག་བྱ་རྒྱུ། ཆུ་ཚོད་༥ཐོག་རིག་གཞུང་འགྲེམས་སྟོན་ཡོངས་སུ་མཇུག་བསྡུ་བའི་གཏམ་བཤད་དང་ཚོགས་ཞུགས་པ་ཡོངས་ལ་བཀའ་དྲིན་ཞུ་རྒྱུ་བཅས་ཡིན་འདུག
སྐབས་དེར་ཚོགས་ཞུགས་པ་ཚོས་རང་མིང་བོད་ཡིོག་ནང་དུ་འབྲི་བའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་བྱས་ཡོད་པ་མ་ཟད། བྱིས་པ་ཚོར་བོད་ཀྱི་ཆོས་དར་བཟོ་སྟངས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་ཀྱང་ཡོད་འདུག ལྟད་མོ་བ་རེ་རེ་ནས་ཡོ་སྐོར་༡༥ཡིན་ལ། རང་ལོ་༡༨མ་སོན་པ་ཚོས་སྤྲོད་དགོས་ཀྱི་མི་འདུག
བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་དྲ་བྱང་ http://www.tibetcultur.be/ཡིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

ཆེད་སྒྲིག 

