རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༩ཚེས་༢ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༠ཁོར་བའི་དུས་དྲན་མཛད་སྒོ་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་༼གསེར་གྱི་གཟེངས་རྟགས་༽ཤིག་ཕུལ་ཡོད་པ་རེད།དེ་ཡང་བོད་རྒྱལ་ལོ་༢༡༣༧ཕྱི་ལོ་༢༠༡༠ཟླ་༩པའི་ཚེས་༢ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོ་ཐོག བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་༼གསེར་གྱི་གཟེངས་རྟགས་༽ཤིག་འབུལ་ལམ་ཞུས་ཡོད།
ཐེངས་འདིའི་མཛད་སྒོ་ཐོག དགའ་ལྡན་ཁྲི་རིན་པོ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་གཙོས་པའི་བླ་སྤྲུལ་དགེ་བཤེས་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞན་ཡང་རྒྱ་གར་ཀ་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་སྐུ་ཞབས་རཱ་མཱ་ཅང་དྷར་མཆོག་དང༌། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཀྱི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཐོ་མཱ་སི་སོགས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ། བོད་གཞུང་མང་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམ་པ། གྲྭ་མང་དགེ་འདུན་པའི་སྡེ་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་༢༠ལས་བརྒལ་བ་འདུ་འཛོམས་བྱས་ཡོད་པ་རེད།
མཛད་སྒོ་སྐབས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང༌། རྒྱ་གར་གྱི་རྒྱལ་གླུ་བཅས་རིམ་པར་བཏང་སོང་ལ། དེ་རྗེས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་བདེ་སླར་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ཀྱིས་མང་གཙོ་གསར་བཞད་ཀྱི་གླུ་གཞས་ཤིག་ཀྱང་བཏང་སོང༌།
ཐེངས་འདིའི་མཛད་སྒོ་ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཏོན་པའི་༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་༽ཞེས་པའི་དཔེ་དེབ་ཞིག་དང༌། དབུས་གཙང་སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱལ་མཚོ་ལགས་ཀྱིས་བརྩམས་པའི་༼བོད་གཞི་བྱེས་གཉིས་སུ་རང་གི་མཐོང་ཐོས་མྱོང་གྱུར་གྱི་དངོས་བྱུང་ལོ་རྒྱུས་བརྗོད་པ་༽ཞེས་པའི་དེབ་ཕྲེང་གཉིས་པ་ཅན་ཞིག གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པར་སྐྲུན་དང༌། རྗེ་བཙུན་བསོད་ནམས་ཕུན་ཚོགས་མཆོག་གིས་བརྩམས་པའི་༼དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བསོད་ནམས་ཕུན་ཚོགས་མཆོག་གི་རང་རྣམ་འགྲོ་བའི་གཏན་བདེའི་འབྱུང་གནས་དཔག་བསམ་ལྗོན་ཤིང་ཡལ་འདབ་བཅོ་བརྒྱད་པ་༽སོགས་དཔེ་དེབ་ཁག་ཅིག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང༌། ཁྲིམས་ཞིབ་པ་ཆེ་བ་བཅས་ནས་དབུ་འབྱེད་གནང་སོང༌།
དེ་ནས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་བཀའ་ཤག་གི་གསུང་བཤད་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད། དེ་བཞིན་དུ་མངའ་སྡེའི་བློན་ཆེན་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམས་ཀྱིས་གཏམ་བཤད་རིམ་པར་གནང་སོང༌།
བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་མཛད་སྒོ་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་དམིགས་བསལ་སྐུ་མགྲོན་རྣམ་པ་ཚོ་དང་ཚང་མར་འཚམས་འདྲི་དང་དེ་རིང་འདིར་དམིགས་བསལ་ལོ་༥༠ཕྱིན་པའི་མང་གཙོའི་དྲན་ཉིན་མོར་ང་ལ་༼གསེར་གྱི་གཟེངས་རྟགས་༽གནང་བར་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ཁྱེད་རང་ཚོས་འདི་འདྲ་ཞིག་གནང་བ་དེ། དགའ་དད་སྤྲོ་གསུམ་གྱིས་དད་པ་དང་དམ་ཚིག་གཡོལ་བ་མེད་པའི་ཐོག་ནས་གནང་བ་རེད། འདྲ་ཆགས་ཆགས་བྱས་ནས་གནང་བ་མ་རེད། ཡང་མི་གནང་ཀ་མེད་ཆགས་ནས་གནང་བ་ཞིག་མ་རེད། དངོས་གནས་དགའ་ཞིང་སྤྲོ་ཞིང་དང་དུ་བླངས་ནས་གནང་བ་ཡིན་དུས། ང་རང་གི་སེམས་ནང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ།
དེ་རིང་དུས་ཚིགས་ཁྱད་པ་ཅན་འདིའི་ཐོག་ལ་རྒྱ་གར་མངའ་སྡེ་གཞུང་གི་བློན་ཆེན་ཆེད་མངག་ཕེབས་ཡོད་པ་རེད། ཁོང་གིས་ང་ལ་ཞྭ་མོ་འདི་འདྲ་ཞིག་གནང་བ་རེད་ཅེས་སྐུ་རྩེད་དང༌། ཞྭ་མོ་འདི་སྔོན་མར་མཁས་དབང་རཱ་ཊོ་ཁེ་ཤི་ཎ་ཡིས་ཞྭ་མོ་འདི་འདྲ་ཞིག་བསྣམས་ཀྱི་ཡོད་པ་རེད། ཁོང་ལ་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ཡོད་པ་དང༌། ཁོང་ནི་དབྱིན་ལན་དུ་ཡོད་པའི་ཨོ་སི་པོ་ཊི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་ནས་མཁས་དབང་ཞིག་ཆགས་བསྡད་ཡོད་པ་རེད། ང་ལ་དེ་འདྲའི་སློབ་སྦྱོང་ཡོད་པ་རེད། འོན་ཀྱང་ངས་སློབ་སྦྱོང་བྱེད་ཡ་དེ་གཞུང་གསར་པ་དེ་ཚོ་ཕྱོགས་གཅིག་ནི་རྒྱ་གར་གྱི་མཁས་པ་དེ་ཚོས་མཛད་པ་ཞིག་དང༌། དེའི་ནང་ལ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་པ་ཆགས་བསྡད་ཡོད་པ་རེད།
དེར་བརྟེན་ངས་རྒྱུན་དུ་རྒྱ་གར་གྲོགས་པོ་ཚོ་ལ། སྤྱིར་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ནི་ང་ཚོའི་བླ་མ་དང༌། ང་ཚོ་ནི་ཁོང་ཚོའི་དགེ་ཕྲུག་རེད་ཅེས་བཤད་བསྡད་བཞིན་ཡོད། དེའི་ནང་ཚན་ན་ལན་ཌའི་མཁས་པ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཡོང་བ་ཞིག་རེད། ངས་རྩེད་མོ་རྩེས་ནས་རྒྱ་གར་ལྷོ་ཕྱོགས་མིའི་ཀླད་པ་དེ་ཏོག་ཙམ་མི་འདྲ་བ་ཞིག་ཡོད་ས་རེད་ཅེས་བཤད་བསྡད་ཀྱི་ཡོད། ཇི་ཙམ་ཞྭ་མོ་འདི་རྒྱ་གར་ལྷོ་ཕྱོགས་ཀྱི་ཞྭ་མོ་རེད། ང་རང་ན་ལན་ཌའི་མཁས་པའི་རྗེས་འབྲངས་པ་ཞིག་ཡིན་དུས། དེ་རིང་ཁོང་ཚོའི་ཞྭ་མོ་འདི་གྱོན་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞིག་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།
དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞེས་གསུངས་དོན། དེ་རིང་འདིར་ཆེད་མངག་རྒྱལ་ཁབ་ཁག་མང་པོ་ནས་སྐུ་མགྲོན་མང་པོ་ཞིག་ཕེབས་འདུག ཁྱེད་རང་ཚོར་ཕྱོགས་གཅིག་ནས་དུས་ཚོད་བྲེལ་བ་ཚ་པོ་ཡོད་པ་རེད་ལ། གཉིས་ནས་ཆབ་སྲིད་ཀྱི་གནོན་ཤུགས་དེ་འདྲ་ཡོང་གི་ཡོད་དུས་མཛད་དཀའ་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་བདེན་པ་ལ་རྒྱབ་སྐྱོར་ཟེར་བ་དེར་སྙིང་སྟོབས་དགོས་ཀྱི་ཡོད་པ་རེད། འཛེམས་ཟོན་མེད་པ་དྲང་བདེན་གྱི་ལམ་ཕྱོགས་བརྟན་པོ་དགོས་ཀྱི་ཡོད་པ་རེད།
ཁོ་རང་ཚོས་ལག་ལེན་སྐྱེལ་བཞིན་ཡོད་པ་རེད། དེ་འདྲའི་ཐོག་ནས་དེ་རིང་འདིར་ཕེབས་པ་རེད། ཕེབས་པ་ཙམ་དུ་མ་ཟད་པའི་གསུང་བཤད་དེ་ཚོ་དོན་སྙིང་ལྡན་པ། ད་ལྟའི་སྐབས་བབ་ཀྱི་གནས་ཚུལ་དང་ཡོངས་སུ་མཐུན་པའི་གསུང་བཤད་གནང་ནས། སེམས་ཤུགས་བསྐྱེད་ཡ་དང་ང་ཚོའི་བདེན་པའི་གནས་ཚུལ་དེ་ཇེ་གསལ་ཏུ་གཏོང་བའི་བཀའ་སློབ་གནང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།
ཡང་༧གོང་ས་མཆོག་གིས་ཁྱེད་རང་ཚོ་དེ་རིང་འདིར་ཕེབས་ནས་བོད་སྐད་ཚིག་གཅིག་གཉིས་ཤིག་ཤེས་འདུག ༼བཀྲ་ཤིས་བདེ་ལེགས་༽དང་༼བོད་རྒྱལ་ལོ་༽ཟེར་བའི་ཚིག་གཉིས་ཤེས་འདུག་ཞེས་སྐུ་རྩེད་བཞད་མོ་དང་ལྷན་དུ་གསུངས་སོང༌།
གང་ཉིད་ཀྱིས་མུ་མཐུད་ནས་གསུང་དོན། ཁོ་རང་ཚོ་མང་པོ་ཞིག་ང་ཚོ་སྔོན་མ་ནས་ངོ་ཤེས་པ་རེད། དངོས་གནས་གྲོགས་པོ་བློས་ཐུག་དེ་འདྲ་རེད། དྷ་རམ་ས་ལར་ཚར་ཁ་ཤས་ཤིག་མཇལ་ཡོད་པ་རེད། དེ་རིང་འདིར་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་ཆེ་ཁག་དང་དེའི་ཐོག་ལ་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་ཆོས་སྡེ་ཁག་༼དགེ་འདུན་གྱི་གཙུག་ལག་སློབ་གཉེར་ཁང་༽དེ་འདྲ་དཔལ་ན་ལན་ཌའི་ཕྱག་སྲོལ་ནང་བཞིན་ཞིག་སློབ་ཁྲིད་བྱ་ས་ཡོད་པ། དེ་འདྲའི་དགེ་འདུན་རབ་ཏུ་བྱུང་བའི་སློབ་གཉེར་ཁང་དེ་འདྲ་མང་པོ་ཡོད་པའི་ས་དེར། དེ་རིང་ང་ཚོས་དུས་དྲན་དེ་ཚུགས་པ་རེད། དུས་ཆེན་དེའི་ཐོག་ཁྱེད་རང་ཚོ་ཕེབས་དུས་ས་ཆ་འདི་ཁྱེད་རང་ཚོས་གཟིགས་རྒྱུ་བྱུང་བ་རེད།
ང་ཚོ་འདིར་བཙན་བྱོལ་བ་ཆགས་ནས་ལོ་༥༡རིང་ལ་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང༌། མདོར་ན། རང་ཉིད་ཀྱི་བུ་བརྒྱུད་གཙང་མ་ཞིག་ཡོང་ཐུབ་ཐབས་ཀྱིས་དམིགས་ཡུལ་ལ་བརྟེན་ནས་གཞིས་ཆགས་དེ་དག་བཙུགས་པ་རེད། ཁྱིམ་ཚང་རེ་རེ་ཕྲལ་སེལ་གྱི་ལྟོ་གོས་རང་འགོ་གང་ཐོན་ལྟ་བུ་ཞིག་མ་ཡིན་པ། སྤྱིའི་སྒྲིག་འཛུགས་ཤིག་དང་བོད་པའི་གྲོང་ཁྱེར་ཞིག་ཚུགས་རྒྱུའི་རེ་བ་ཞིག་རེད། དྲུག་ཅུའི་ནང་འགོ་འཛུགས་ནས་ད་ལྟར་ཡག་ཐག་ཆོད་བྱུང་ཡོད་པ་རེད། ཐེངས་འདིར་ཁྱེད་རང་ཚོས་གཟིགས་ཐུབ་པ་དེ་ང་ཚོ་བོད་མི་བཙན་བྱོལ་བའི་མི་རིགས་རིག་གཞུང་དང་བཅས་པ། གང་འདྲ་བྱས་ནས་ང་ཚོས་རྒྱུན་འཛིན་བྱས་འདུག་ཨ། བཙན་བྱོལ་བ་རེད་དེ་ང་ཚོས་བྱེད་ཐབས་གང་འདྲ་བྱས་འདུག་ཨ། དེ་ཚོ་གཟིགས་རྒྱུའི་གོ་སྐབས་བྱུང་བ་རེད་ཅེས་གསུངས་སོང༌།
བོད་ཕྱི་ནང་གཉིས་དང་དམིགས་བསལ་བོད་རིགས་གཞོན་སྐྱེས་ཚོར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཐད་སེམས་ཤུགས་ཆེན་པོ་ཡོད་སྐོར་བསྔགས་བརྗོད་གནང་དོན། འདས་པའི་ལོ་ངོ་༥༡ཕྱིན་པའི་ང་ཚོ་རྒྱ་གར་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོ་མི་རབས་བརྗེ་འགྲོ་བཞིན་ཡོད་པ་རེད། མི་རབས་གསར་པ་ན་གཞོན་བྱིས་པ་ཕོ་མོ། ལུས་པོ་འཚར་ལོངས་བྱེད་བཞིན་པ་ད་ཆབས་ཅིག སེམས་ཀྱི་འཚར་ལོངས་དེ་ཡང་ཉིན་རེ་བཞིན་ཡོང་བཞིན་པ་རེད།
དེ་དང་ཆབས་ཅིག་བོད་པའི་རྣམ་པ་ཆ་ཚང་ཞིག་ཡོད་པ། རྒྱ་གར་ཙམ་དུ་མ་ཟད་པའི་ཁེ་ན་ཌ་རེད། ཨ་རེད། སུད་སི་སོགས་ཡོ་རོབ་ཁུལ་དང༌། ཨོ་སི་ཁྲུའུ་ལི་ཡ་ཡིན་ནའང་རེད། བོད་པ་བརྒྱ་ཕྲག་ཁ་ཤས་དང་སྟོང་ཕྲག་ཁ་ཤས་བྱས་ནས་བསྡད་ཡོད་པ་དེ་ཚོ་ཕ་ཆེར་བར་སོ་སོ་མི་རིགས་ཀྱི་རྣམ་པ་ཟིན་ནས་བསྡད་འདུག དེ་ཚོའི་ནང་གཞོན་སྐྱེས་དེ་ཚོས་བོད་སྐད་རྒྱ་གར་དུ་ནང་བཞིན་རྟག་པར་རྒྱག་ས་མེད་དུས། བོད་སྐད་ཤེས་མ་ཤེས་ཡོང་གི་རེད་དེ། རྩ་བའི་བོད་པ་ཡིན་བསམས་པའི་འདུ་ཤེས་དང་འདུ་ཤེས་དེ་དང་འབྲེལ་བའི་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་སེམས་ཤུགས་དེ། ཧ་ལས་པའི་ཤུགས་ཆེན་པོ་རེད་འདུག
དེར་བརྟེན་ང་ཚོ་བཙན་བྱོལ་བ་འདས་པའི་ལོ་༥༡རིང་གི་མི་རབས་བརྗེ་འགྲོ་བཞིན་ཡོད་པ་རེད་དེ། མི་རིགས། རིག་གཞུང༌། འཚེ་མེད་ཞི་བའི་ལྟ་གྲུབ་བྱམས་བརྩེ། དེ་བཞིན་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དེ་ཚོ། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་གཏན་འཁེལ་བ་ཞིག་རེད། གཞི་ལུས་རྒྱ་ཆེ་མི་མང་ལ་ཆ་མཚོན་ནའང་འདས་པའི་ལོ་ངོ་༥༠དང་༦༠ཙམ་གྱི་རིང་ལ་དཀའ་ངལ་དཔག་ཏུ་མེད་པ་འཕྲད་ཡོད་པ་རེད། དུས་ད་ལྟ་ཡིན་ནའང་དངངས་སྐྲག་འོག་ཏུ་བསྡད་དགོས་པ་ཞིག་རེད། འོན་ཀྱང་ཁོང་ཚོ་ཇི་ཙམ་གྱི་དངངས་སྐྲག་དང་འཇིགས་དངངས་འོག་ཏུ་བསྡད་པ་དེ་ཚོད་ཀྱིས་མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་གསུངས་སོང༌།
རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་སྐོར་གསུངས་དོན།
དེ་རིང་ཁ་སང་རྒྱ་ནག་ནང་ཤེས་ཡོན་ཅན་ཙམ་དུ་མ་ཟད་པའི་དབང་འཛིན་པ་ཚོའི་ནང་ནས་ཀྱང༌། ཆབ་སྲིད་འགྱུར་བ་གཏོང་དགོས་པ་རེད་ཅེས་དེ་འདྲའི་གཏམ་ཞིག་གླེང་ཡོང་གི་འདུག་ཨ། འགྱུར་བ་ཤུགས་ཆེན་པོ་རེད། དཔེར་ན་ལོ་༥༠དང་༦༠གོང་དུ་དེ་འདྲའི་གཏམ་ཞིག་གླེང་སློང་བྱས་པ་ཡིན་ན། གཟིམས་ཆུང་གསར་པ་ནང་ལམ་སང་གདན་འདྲེན་ཞུ་རྒྱུ་རེད། གང་ལྟར་བཙོན་ཁང་ནང་འགྲོ་རྒྱུ་རེད། ད་ལྟར་དེ་འདྲ་རེད་མི་འདུག་ཨ། ཏང་གི་འགོ་ཁྲིད་ནང་ལའང་ཆབ་སྲིད་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བ་དང༌། མི་རིགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་ཐོན་ཡོང་གི་ཡོད་པ་རེད། དེ་ནི་ཧ་ལས་པའི་འགྱུར་བ་རེད་ཅེས་གསུངས་སོང༌།
དེ་རིང་མང་གཙོའི་དུས་དྲན་མཛད་སྒོ་ཐོག་ཆེད་དུ་གདན་འདྲེན་དང་གོ་སྒྲིག་བྱས་པའི་ལོ་ན་༧༥ཡན་གྱི་བོད་མི་རྒན་རྒོན་རྣམས་ལ་གསུང་བཤད་གནང་དོན།
དེ་རིང་འདིར་རྒན་རྒོན་ལོ་ན་༧༥ཡན་ཁྱེད་རང་ཚོ་ཟུར་དུ་སྡོད་ས་གྲ་སྒྲིག་བྱས་འདུག་ཨ། ཁྱེད་རང་ཚོ་ངས་རྒྱུས་ཡོད་རེད། དྲུག་ཅུ་རེ་གྲངས་ནས་བྱས་ཏེ་འགོ་སྟོད་ང་ཚོ་ས་ཆ་འདིར་གཞིས་ཆགས་ཚུགས་དུས་ཤིང་ནག་གཅོད་བྲེག་བྱེད་ཡ་དང༌། ཚ་བ་དེ་འདྲའི་དཀྱིལ་དུ་ཤིང་དེ་ཚོ་མི་སྲེག་གཏོང་གིན་གཏོང་གིན་བྱས་ནས་དཀའ་ལས་ཆེན་པོ་བརྒྱབ་པ་རེད། དེ་དུས་ཁྱེད་རང་ཚོས་ས་ཞིང་སོ་ནམ་བྱེད་ས་དེར་ངས་ལྟ་བར་ཕྱིན་པ་རེད། ཉིན་ཞིག་རྨོས་གླང་གིས་རྡུང་གྲབས་བྱས་བྱུང་བས་བྲོས་འགྲོ་དགོས་ཐུབ་བྱུང་ཞེས་བཞད་མོ་ཤོར།
མུ་མཐུད་ནས་གསུང་དོན། འགོ་སྟོད་སླེབས་གྲབས་དེར་ཚ་བ་ཡོད་པའི་ཁ་ཐུག་བྷན་དྷ་རར་ཁེལ་ཡོད་པ་རེད། ང་དེར་འབྱོར་དུས་མི་ཚོས་སྡུག་སྐད་རྒྱག་ནས། ཚ་བ་དེས་ང་ཚོ་ཚང་མ་ལྷག་ས་མ་རེད། ང་ཚོ་ཚང་མ་ཤི་ས་རེད་ཟེར་གྱི་འདུག ས་ཆ་གཞན་ལ་སྤོ་རོགས་གྱིས་ཟེར་གྱི་འདུག དེར་བརྟེན་སྔོན་ལ་ཚོད་ལྟ་བྱས་ནས་བཞག་པ་རེད། ལོ་གཉིས་པ་དེར་ང་ཡང་བསྐྱར་ཕྱིན་པ་ཡིན། ངས་ཁོང་ཚོར་ཁྱེད་རང་ཚོ་ཤི་མི་འདུག་ཨ་ཞེས་རྩེད་མོ་རྩེས་པ་ཡིན། གང་ལྟར་འགོ་སྟོད་གཞིས་ཆགས་འཛུགས་གྲབས་དེར་བོད་མི་ཚང་མ་སེམས་ཤུགས་མར་ཆགས་ནས། ཡིད་ཐང་ཆད་གྲབས་ཆད་གྲབས་ཡོད་པའི་སྐབས་དེར། ང་དེར་ཡོང་ནས་ཁྱེད་རང་ཚོར་སྡུག་རུས་བྱོས། ད་དུང་ཡང་འཛུགས་སྐྲུན་བྱེད་དགོས་པ་རེད་ཅེས་སེམས་གསོ་འདྲ་བྱས། འོ་དེ་འདྲ་བྱས་ནས་ད་ལྟ་གཞིས་ཆགས་ཁག་དེ་ཚོ་ཡག་ཐག་ཆོད་ཆགས་འདུག་ད་དུང་ཡིན་ནའང་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་དགོས་པ་རེད་ཅེས་གསུངས་སོང༌།
སྐུ་མགྲོན་རྣམ་པ་ཚོར་དམིགས་བསལ་བཙན་བྱོལ་བོད་མིའི་དགོན་པ་དང་གཞིས་ཆགས་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་གནང་དོན། དེ་རིང་འདིར་སྐུ་འགྲོན་རྣམ་པ་ཚོར་གཅིག་ཞུ་འདོད་བྱུང་སོང༌། ཁྱེད་རང་ཚོ་འདིར་ཧོབ་ཏེ་ཕེབས་དུས་དགོན་པ་དེ་ཚོ་ཧ་ཅང་གི་ཆེན་པོ་རྫིག་པོ་མཐོང་དུས། བོད་པ་ཚོར་དངུལ་ཧ་ཅང་འབེལ་པོ་ཡོད་ས་རེད་དགོངས་ཀྱི་རེད། ངས་རྒྱུན་དུ་དགོན་པ་གྲྭ་ཚང་རྫིག་པོ་བརྒྱབ་པ་དེ་ཚོར་ཏོག་ཙམ་རྒྱས་དྲག་འདུག་ཅེས་དང་པོ་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་ངས་ཇུས་ཏོག་དེ་ཙམ་བྱེད་རྒྱུ་ཡོད་པ་མ་རེད། ཁོ་རང་ཚོར་སྦྱིན་བདག་སོ་སོར་རག་ནས་སྦྱིན་བདག་ཚོས་འགྲོ་སོང་བཏང་དུས་ངས་ཇུས་ཏོག་བྱ་རྒྱུ་གང་ཡང་ཡོད་པ་མ་རེད།
དེ་བཞིན་དུ་ཁྱེད་རང་ཚོས་གཞིས་ཆགས་ཡོངས་རྫོགས་གྲ་འགྲིག་པོ་ཡོད་ས་རེད་དགོངས་རྒྱུ་ཡོད་པ་མ་རེད། བར་བར་དུ་གཞིས་ཆགས་སྐྱོ་པོ་དེ་འདྲ་ཡོད་པ་རེད། ཁ་སང་ང་གནམ་གྲུ་ཐང་ནས་ཡར་ཡོང་དུས་མཐོང་གི་འདུག ཞིང་ཁའི་དཀྱིལ་དུ་སྔ་མོ་སྔ་མོ་ནས་བརྒྱབ་པ་ཁང་པ་སྐྱོ་པོ་དེ་འདྲ་ད་དུང་ཡང་འདུག་ཅེས་དང༌།
དགོན་པ་གྲྭ་ཚང་དང་ས་གནས་གཞིས་འགོ་དང་ཚོགས་པ་སྐྱིད་སྡུག་ཁག་གིས་ཁྱིམ་ཚང་སྐྱོ་པོ་ཚོར་ངེས་པར་དུ་ལྟ་རྟོགས་བྱེད་དགོས་ལུགས་བཀའ་སློབ་ནན་བཤད་གནང་དོན། ང་ལ་དུས་ཚོད་ཡོད་པ་མ་རེད།་གཟུགས་པོས་འཁྱོག་གི་མི་འདུག འགྲོ་ཐུབ་ཀྱི་མི་འདུག་སྟེ། གང་ལྟར་གཞིས་འགོ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཡོད་པ་དེ་ཚོས་མི་ཚང་སྐྱོ་པོ་གྲས་ལ་ལྟ་རྟོགས་ཡག་པོ་བྱས་ན་མ་གཏོགས་རྩ་བ་ནས་འགྲིག་གི་མ་རེད། དཔེར་ན། ཕ་མ་རྒས་གཅོང་དང་ཕྲུག་གུ་ཆུང་ཆུང་ཡིན་པ་དང༌། ཡང་ན་ཕྲུ་གུ་དབང་པོ་སྐྱོན་ཅན་ཡིན་པ་དེ་ཚོར་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པ་རེད།
དེ་འདྲ་མ་བྱས་ན་ང་ཚོའི་སྤྱི་ཚོགས་དེ་བྱམས་པ་དང་སྙིང་རྗེ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ཟེར་གིན་ཟེར་གིན་ལ། སྐྱབས་མེད་མགོན་མེད་དེ་ཚོ་བདག་མེད་དུ་ལྷག་སོང་བ་ཡིན་ན། ང་ཚོས་ཁ་ནས་བཤད་པའི་བྱམས་བརྩེ་སྤྱི་ཚོགས་ཟེར་བ་དེ་ལག་ལེན་ངོ་མའི་ཐོག་ནས་མ་སྲུང་བ་རེད། ཡིན་ཅིག་མིན་གཉིས་ཁྱེད་རང་ཚོས་གཟབ་གཟབ་བྱས་ནས་བལྟས་ན་མ་གཏོགས་འགྲིག་གི་མ་རེད། མ་ཚད་པའི་ཁྱེད་རང་ཚོ་དགོན་པ་གྲྭ་ཚང་སྒོར་མོ་ཨོ་ཙམ་ཡོད་མཁན་དེ་ཚོས་ལྟ་རྟོགས་བྱེད་དགོས་པའི་འགན་ཡོད་པ་རེད། ངས་རྟགས་པར་དྲན་གྱི་འདུག མཆོད་རྫས་ཧ་ལས་པ་དེ་འདྲ་བཟོ་བ་ལས་སྐྱོ་པོ་དེ་ཚོར་རོགས་པ་མང་ཙམ་བྱས་ན་བསམས་ཀྱི་འདུག་ཅེས་བཀའ་ནན་མོ་གནང་སོང༌།
མཇུག་བསྡོམས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་དང་བཅས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་སོང༌། རྒྱ་གར་ལྷོ་ཕྱོགས་གགཞིས་ཆགས་སྦེལ་ཀོབ་དང་བཞུགས་སྒར་དུ་མང་གཙོའི་དུས་དྲན་དང་འབྲེལ་པར་རིས་ཁག་དྲ་འབྲེལ་འདི་བརྒྱུད་ནས་གཟིགས་རོགས།
རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།




