རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཉིན། ཟླ་འདིའི་ཚེས་༧ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་རྒྱ་རིགས་དད་ལྡན་པར་བསྩལ་བའི་ཉིན་བཞི་རིང་གི་གསུང་ཆོས་ལེགས་པར་གྲུབ་རྗེས། ཕྱི་དྲོ་མགོན་པོ་གང་ཉིད་ཀྱིས་དམིགས་བསལ་རྒྱ་རིགས་རྣམས་ལ་བཀའ་སློབ་དང་དྲི་བར་དྲིས་ལན་གནང་སྐབས་སུ། ཐའེ་ཝན་དུ་དུས་འཁོར་དབང་ཆེན་ཞུ་བར་གཙོ་བོར་མ་དབྱིངས་ཇུང་གི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཀའ་ཆོས་ཉི་མ་བཞི་དེ་གྲུབ་པ་རེད། ཁྱེད་རང་ཚོས་ཧུར་ཐག་ཉན་སོང༌། ཧ་ཅང་དགའ་པོ་བྱུང༌། ངས་ལབ་པ་དེ་ཚོ་ཚར་གཅིག་ཉན་ནས་རྟོགས་པ་སྐྱེ་ཐུབ་ཀྱི་མ་རེད། ཡང་ནས་ཡང་དུ་སྦྱང་ནས་གོམས་འདྲིས་ཡོང་བ་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོ་མ་འོངས་པར་ཐུག་གི་རེད། ཁྱེད་ཚོ་བློ་བདེ་པོ་བྱེད་ནས་སྡོད། དུས་འཁོར་དབང་ཆེན་སྐོར་དྲིས་དུས། ཐེངས་རྗེས་མའི་དུས་འཁོར་དབང་ཆེན་དེ་ཨ་རི་ལ་གཏན་ཁེལ་བ་ཞིག་རེད།
གཅིག་བྱས་ན་ཕྱི་ལོ་༢༠༡༢ལོའི་ཟླ་དང་པོ་དང་གཉིས་པར་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་ཞིག་ཚུགས་རྒྱུ་རེད། འོན་ཀྱང་ད་ལྟར་གཏན་ཁེལ་ཡོད་པ་མ་རེད། ཁྱེད་རང་ཚོ་ཝ་ཤིན་ཊོན་ལ་འགྲོ་བ་ལས་ཕ་ཆེར་རྡོ་རྗེ་གདན་ལ་ཡོང་ན་ཡག་པ་ཡོད་མི་འགྲོ། ཐའེ་ཝན་ལ་དུས་དུས་འཁོར་དབང་ཆེན་ཞུ་བར་སྔོན་ལ་ཐའེ་ཝན་གྱི་སྲིད་འཛིན་མ་དབྱིངས་ཇུང་གི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།
ཡང་ཁ་སང་སྔ་དྲོ་གསུང་ཆོས་དབུ་འཛུགས་སྐབས། ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་རྩ་བ་ཤེས་རབས་རྒྱ་སྐད་ཐོག་གསུང་གྲུབ་སྐབས། མགོན་པོ་གང་ཉིད་ཀྱིས་དེ་རིང་འདིར་ཁྱེད་རང་ཚོས་རྩ་བ་ཤེས་རབ་རྒྱ་སྐད་ཐོག་ནས་མར་གསུངས་བར་ཡག་པོ་བྱུང༌། སྔོན་མར་པ་ཆེར་ལོ་བཅུ་དང་བཅོ་ལྔ་ཙམ་གྱི་གོང་དུ་རེད། ད་ལྟ་ཐའེ་ཝན་ལ་ཡོད་པའི་ཏཱ་ཧེ། སྤྱིར་ང་གཉིས་ཐེངས་ཁ་ཤས་ཐུག་པ་རེད། ཚར་གཅིག་དྷ་རམ་ས་ལར་ཐུག་པ་རེད། ང་གཉིས་ཀྱིས་དམ་བཅའ་ཞིག་བཞག་ཡོད་པ་རེད།
མ་འོངས་པར་རི་བོ་རྩེ་ལྔར་འགྲོ་རྒྱུ་ཞིག་བྱུང་བ་ཡིན་ན། ཏཱ་ཧེ་ཡིས་རྩ་བ་ཤེས་རབས་རྒྱ་སྐད་ཐོག་ནས་བཤད། ངས་རྩ་བ་ཤེས་རབ་བོད་སྐད་ཐོག་ནས་ཀློག་རྒྱུ་བྱེད། རྒྱ་བོད་གཉིས་ཀའི་སངས་རྒྱས་ཀྱི་ཆོས་ཁུངས་གཏུགས་ས་རྒྱ་གར་རེད། དེ་འདྲ་ཡིན་དུས་རྒྱ་གར་གྱི་ལེགས་སྦྱར་མཁས་པ་ཞིག་གིས་རྩ་བ་ཤེས་རབས་ལེགས་སྦྱར་ཐོག་ནས་མར་གསུང་རྒྱུ་བྱས་པ་རེད། སྔོན་མ་ང་ཚོ་དེ་འདྲའི་སྐད་ཆ་བྱུང༌། འོ་དེ་རིང་འདིར་ཁྱེད་ཚོས་རྩ་བ་ཤེས་རབས་རྒྱ་སྐད་ཐོག་ནས་མར་བཏོན་པ་རེད། མར་ཀློག་དུས་རྒྱ་མིའི་སྐད་འདྲ་པོ་ཞིག་འདུག་གམ། ཡང་ན་སྐད་ཡིག་གཞན་པ་འདྲ་པོ་ཞིག་འདུག གོ་རྒྱུ་གང་ཡང་མེད་པ་ཁྲེགས་པོ་ཞིག་མི་འདུག་གམ་ཞེས་རྩེད་མཚར་གྱིས་གསུངས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།




