རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༧ནས་༣༠བར་ཉིན་གྲངས་བཞི་རིང་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཚོགས་རྒྱུ་ཡིན་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། འཚོགས་འདུ་དེར་རྒྱལ་ཁབ་ཁག་ ༤༢ ནས་ནང་པའི་ཐེག་པ་ཆེ་ཆུང་གི་བླ་མ་དགེ་སློང༌། ནང་པའི་ཆོས་བརྒྱུད་འདྲ་མིན་གྱི་སྐུ་ཚབ་དང་ཟུར་ཉན་པ། ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༨༠༠ བརྒལ་བ་ལྷན་འཛོམས་ཐོག་ལྡི་ལིར་རྟེན་གཞི་བྱས་པའི་སྐར་མ་ལྔ་ཅན་གྱི་ཨ་ཤཱོ་ཁ་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་འདུག དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར། ཚོགས་ཆེན་དབུ་འབྱེད་མཛད་སྒོར་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་ རིན་པོ་ཆེ་མཆོག་གིས་དབུས་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག ཨ་ཀྱཱ་རིན་པོ་ཆེ་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག
ཚོགས་ཆེན་ཐོག་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་བླ་ཆེན་རྣམས་ཀྱིས་གསུང་བཤད་གནང་བ་ལྟར་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཀྱང་གསུང་བཤད་ གནང་ཡོད་འདུག སྤྱིར་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་འདི་ལྟ་བུ་དེ་སྔ་རྒྱ་གར་ནང་ཚོགས་མྱོང་མེད་པ་དང༌། ཐེངས་འདིའི་ནང་པའི་ཚོགས་ཆེན་ནང་གནད་དོན་མང་དག་ཅིག་ལ་གྲོས་བསྡུར་གནང་རྒྱུར་ཆོས་ལུགས་མཐུན་སྒྲིལ་དང༌། སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་བསྐྲུན་ཐབས། འཛམ་གླིང་གི་ཁོར་ཡུག་བདག་གཅེས་གནང་ཕྱོགས། ནང་པའི་ཚན་རིག་པ་དང་ནུབ་ཕྱོགས་པའི་ཚན་རིག་པ་དབར་བགྲོ་གླེང་འཚོགས་རྒྱུ་སོགས་ ཀྱི་ཐོག་བགྲོ་གླེང་གནང་རྗེས་གྲོས་ཆོད་འཇོག་རྒྱུ་ཡིན་འདུག ཉིན་མཐའ་མའི་མཇུག་བསྡོམས་སུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་སྟེ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག སྐབས་དེར་ཚོགས་ཆེན་ཐོག་བགྲོ་གླེང་བྱས་པའི་མཐའ་མའི་གྲོས་ཆོད་རྣམས་མགོན་པོ་ གང་ཉིད་མཆོག་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག



