རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༣ཉིན། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་དཀྱིལ་མ་ Czech Republic ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague པཱ་རག་དུ་ཅེག་གི་ཕྱི་སྲིད་བློན་ཆེན་ཐེ་བའི་ཆེས་མཐོའི་ཆབ་སྲིད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྗེས། བོད་ནང་གི་བོད་མི་ཚོ་ནི་ང་ཚོའི་དོན་གྱི་བདག་པོ་དང༌། ང་ཚོ་ནི་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཞིག་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་ནི་ངོས་ཀྱི་རང་འཁྲིའི་འགན་འཁྲི་ཞིག་ཆགས་ཡོད། དེ་བཞིན་དུ་ངོས་ཀྱི་མི་ཚེའི་ནང་ཆོས་ལུགས་འཆམ་མཐུན་དང་ནང་སེམས་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུ་ནི་གལ་ཆེ་ཤོས་ཀྱི་གནད་དོན་གཉིས་ཡིན། ཆོས་ལུགས་ཚང་མ་ཕན་ཚུན་འཆམ་མཐུན་དང་གཅིག་སྒྲིལ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་འདུག
གསར་འགོད་པའི་བོད་རྒྱ་ཞི་མོལ་སྐོར་གྱི་དྲི་བར་བཀའ་ལན་གནང་དོན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་གནད་དོན་ཞིག་ལས་བོད་མི་རིགས་ཀྱི་གནད་དོན་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་ཤོད་ཀྱིན་ཡོད། འོན་ཀྱང་གནད་དོན་དེ་བོད་མི་ས་ཡ་དྲུག་གི་མ་འོངས་པའི་གནད་དོན་ཞིག་ལས་ཏཱ་ལའི་བླ་མའི་གནད་དོན་ཞིག་མ་རེད།
བོད་ནང་དུ་ཡོད་པའི་བོད་མི་དེ་དག་ནི་ང་ཚོའི་དོན་གྱི་བདག་པོ་དེ་ཆགས་ཀྱི་ཡོད་པ་རེད། ང་ཚོ་ནི་ཁོང་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་རེད། ཁོང་ཚོར་སྨྲ་བརྗོད་རང་དབང་མེད་སྟབས་ང་ཚོས་ཁོང་ཚོའི་ཚབ་བྱེད་དགོས་ཀྱི་ཡོད་པ་རེད།
རྒྱལ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ནའང་རྒྱ་རིགས་མི་མང་ལ་དབང་གི་ཡོད་པ་རེད། དོན་ངོ་མར་རྒྱ་ནག་གི་བདག་པོ་དེ་རྒྱ་རིགས་མི་མང་ཐེར་འབུམ་༡་༣དེ་རེད། ཁོང་ཚོར་དངོས་ཡོད་གནས་ཚུལ་དང་གང་ཞིག་བདེན་པ་ཡིན་མིན་དང་གང་ཞིག་རྫུན་མ་ཡིན་མིན་དེ་ཤེས་པའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། རྒྱུད་ལམ་བཀག་འགོག་ནི་མི་འགྲིག་པའི་གནད་དོན་ཞིག་རེད་ཅེས་གསུངས་འདུག
༧གོང་ས་མཆོག་གིས་ཉེ་ཆར་ངོས་ལ་རྒྱ་རིགས་ཤིག་གི་ཡི་གེ་ཞིག་འབྱོར་བྱུང༌། ཐོག་མར་རྒྱ་རིགས་དེ་རྒྱ་ནག་ནང་གནས་སྐོར་འགྲོ་ས་ཞིག་ཏུ་བོད་མི་ཞིག་ཐུབ་སྐབས། ཁོང་གིས་བོད་མི་དེར་ཏཱ་ལའི་བླ་མ་ནི་ནང་པ་ཡག་པོ་ཞིག་རེད། འོན་ཀྱང་ཁོང་ཁ་བྲལ་བ་ཞིག་རེད་ཅེས་བརྗོད་སྐབས་བོད་མི་དེས་བོད་མིའི་གནས་སྟངས་ངོ་སྤྲོད་བྱས་ཡོད་འདུག
རྒྱ་རིགས་དེས་ཡི་གེ་དེའི་ནང་དབུ་མའི་ལམ་ནི་རྒྱ་ནག་ཁ་བྲལ་གཏོང་བའི་གནད་དོན་ཞིག་མིན་པར་དེས་བོད་མི་ཚོར་ཚད་ལྡན་གྱི་རང་སྲིད་རང་སྐྱོར་ཞིག་བརྗོད་ཀྱིན་ཡོད་སྟབས་དེར་རྒྱབ་སྐྱོར་ཆ་ཚང་ཡོད་ལུགས་དང༌། གལ་སྲིད་རྒྱ་ནག་མི་མང་ཚང་མས་གནས་ཚུལ་དེ་གསལ་པོ་ཤེས་ཚེ་ཁོང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་བྲིས་འདུག་ཅེས་འགྲེལ་བརྗོད་གནང་འདུག
གཞན་ཡང་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མ་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག་པ་དེའི་ཐོག་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོ། ཁྲིམས་ཀྱི་དབང་སྒྱུར་ནི་དགོས་ངེས་ཤིག་ཡིན། དེ་དག་ནི་རང་དབང་དང་རྒུལ་ཤུགས་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་པའི་རྨང་གཞི་ཡིན། མ་ཚད་དེ་དག་ནི་དོན་དངོས་ཀྱི་གཅིག་སྒྲིལ་དང་སྲ་བརྟན་གྱི་འབྱུང་ཁུངས་ཡིན། རྒྱ་ནག་མང་གཙོ་ཆེད་རྒྱ་མི་རིགས་མང་པོས་སོ་སོའི་མི་ཚེ་དང་ཚེ་སྲོག་ཚུན་ཆད་བློས་གཏོང་གིན་ཡོད་པ་གསལ་པོ་རེད།
རྒྱ་ནག་རང་དབང་དང༌། མང་གཙོ། ཕྱི་གསལ་ནང་གསལ་ཆགས་རྒྱུ་ནི་ཨེ་ཤ་ཡ་དང་འཛམ་གླིང་ལ་མཚོན་ནའང་ཧ་ཅང་གལ་འགང་ཆེ་བ་ཞིག་ཆགས་ཡོད་ཅེས་དང༌། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷན་ཚོགས་དེའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་མཆོག་གིས་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་ང་ཚོས་མཉམ་ཞུགས་ཐོག་རྒྱལ་སྤྱིའི་ནུས་པ་གཅིག་ཏུ་སྒྲིལ་ཏེ་གོ་ལ་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་འཛམ་གླིང་ཁྱོན་ཡོངས་སུ་སྲུང་བརྩི་ཞུས་ཡོད། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འགྲོ་བ་མི་ཚང་མར་རང་ཉིད་ལ་ཇི་འདོད་ཀྱི་འདོད་དོན་བསྒྲུབ་རྒྱུ་དང་མི་འདོད་པའི་འཇིགས་པ་ལས་གྲོལ་རྒྱུའི་རང་དབང་ཆ་ཚང་ཡོད། ཐོབ་ཐང་དེ་དག་འགྲོ་བ་མི་ཚང་མར་ཡོངས་ཁྱབ་གཅིག་མཚུངས་སུ་ཡོད། ཉེ་ལམ་ཨེ་ཤི་ཡའི་དཔལ་འབྱོར་ཡར་རྒྱས་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱལ་སྤྱིའི་ནང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཨེ་ཤི་ཡའི་ས་ཁུལ་འདྲ་མིན་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་དང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ལ་དོ་སྣང་དེ་ཙམ་སྤྲད་མེད། ང་ཚོས་རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན། སི་རི་ཡ་སོགས་ཀྱི་ནང་བལྟ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་འགྲོ་རྒྱུ་ལྟ་ཞོག་ད་དུང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མཐོང་ཐུབ། འབྱོར་ལྡན་རྒྱལ་ཁབ་ཚོས་དཀའ་ངལ་དེ་དག་ཤེས་བཞིན་དུ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་དེར་ང་ཚོར་ཧ་ཅང་སེམས་འཚབ་འདུག་ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།



