Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག ཀུན་གླེང་གསར་འགྱུར། བོད་ནང་གི་གནས་སྟངས་ནི་ཛ་དྲག་དང་ཡ་ང་བ་ཞིག་ཡིན།

བོད་ནང་གི་གནས་སྟངས་ནི་ཛ་དྲག་དང་ཡ་ང་བ་ཞིག་ཡིན།

Email པར་འདེབས།
kalontripa-2012-June-09རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༦ཚེས་༡༣ཉིན། བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཟླ་འདིའི་ཕྱི་ཚེས་༩ཉིན་རྒྱལ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༤པའི་སྐབས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཇིའི་ལམ་ནས་གསུང་བཤད་གནང་བ་མ་ཟད། ཧིན་དྷིའི་ཐོག་ཚོགས་བཅར་བ་རྣམས་ལ་གསུང་བཤད་དང༌། ཚོགས་བཅར་བ་རེ་རེ་བཞིན་ལ་ཕེབས་བསུའི་འཚམས་འདྲི་གནང་ཡོད།
བཀའ་ཁྲི་མཆོག་གིས་འདས་པའི་དུས་ཡུན་ལོ་ངོ་༥༠རིང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་གནས་བཅས་ཤིང༌། ལོ་ངོ་དེ་དག་རིང་རྒྱ་གར་གཞུང་དང་མི་མང་གིས་བོད་མིའི་འཐབ་རྩོད་དང་དྲང་བདེན་གྱི་ཆེད་དུ་ལངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡང་རྒྱ་གར་ནང་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་ཚོས་སྣེ་ཁྲིད་ཐུབ་པ་བྱུང་བ་ཡང་རྒྱ་གར་གཞུང་གི་བཀའ་དྲིན་ཡིན། དཔེར་ན། རྒྱུན་དུ་༧གོང་ས་མཆོག་གིས་༼རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོའི་ནི་རྒྱ་གར་གྱི་སློབ་མ་ཆགས་ཡོད་༽ཅེས་པ་ལྟར། ངོས་རང་ལ་མཚོན་ནའང་ངོས་རང་ཆུང་དུས་སུ་དགེ་རྒན་མང་ཆེ་བ་རྒྱ་གར་བ་ཆགས་ཡོད་ཅེས་གསུངས་སོང༌།
ཁོང་གིས། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བ་གལ་ཆེན་ཡིན་ཡང༌། རྒྱ་གར་གྱི་བདེ་འཇགས་ནི་བོད་དང་འབྲེལ་བ་ཤུགས་ཆེ་ཆགས་ཡོད། བོད་ནི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་༡༠ཙམ་གྱི་འབྱུང་ཁུངས་ཆགས་ཡོད་ཅིང༌། རྒྱ་ནག་གཞུང་གིས་བོད་ནང་ཤིང་ནག་གཅོད་འབྲེག་དང༌། ཆུ་མཛོད་རྒྱག་པ། དེ་བཞིན་མེ་འཁོར་ལྕགས་ལམ་ལྷ་ས་ནས་གཞིས་རྩེ་བར་མཐུད་ཡོད་སྟབས་དེས་ཁྱིམ་མཚེས་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དང་ལྷག་པར་རྒྱ་གར་གྱི་ཁོར་ཡུག་དང༌། བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་ལུགས་སོགས་གསུངས་སོང༌།
ཡང་བཀའ་ཁྲི་མཆོག་གིས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ནི་ཧ་ཅང་ཛ་དྲག་དང་ཡ་ང་བ་ཞིག་ཡིན། ལྷན་ཚོགས་འདིའི་བརྒྱུད་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་འདེབས་ཡོང་བའི་རེ་བ་ཡོད། རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་དང༌། དྲག་གནོན་དེའི་རྐྱེན་པས་ཉེ་བའི་ལོ་ངོ་གསུམ་ཙམ་གྱི་གོང་ནས་ད་ལྟ་བར་ཁྱོན་བོད་མི་༣༩ཙམ་གྱིས་རང་ལུས་མེ་སྲེག་བཏང་ཡོད་ཅེས་གསུངས།
བཀའ་བློན་ཁྲི་པས། ༧གོང་ས་སྐུ་ཕྲེང་༥ཆེན་པོས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བ་ཞིག་ཡིན་པ་དང༌། ཕྱི་ལོ་༡༩༥༠ཙམ་ནས་༧གོང་ས་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་ལ་བོད་ཀྱི་ཆབ་སྲིད་བཅོས་སྒྱུར་བྱ་རྒྱུའི་ཐུགས་མོས་ཡོད་ཅིང༌། ཕྱི་ལོ་༢༠༡༡ལོར་༧གོང་ས་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཐུབ་པ་བྱུང་བ་དེ་ནི་འདས་པའི་ལོ་ངོ་༥༠ཙམ་གྱི་རིང་གོམ་པ་རིམ་སྤོས་ཀྱིས་མང་གཙོའི་ལམ་དུ་བསྐྱོད་པའི་གྲུབ་འབྲས་ཤིག་ཡིན་པ་དང༌། བཙན་བྱོལ་བོད་མིའི་མང་གཙོ་འདི་ཉིད་རྒྱ་གར་གྱི་མང་གཙོར་མིག་དཔེ་བལྟས་པ་ཞིག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་རྒྱ་གར་དུ་གསར་འཛུགས་བྱས་པ་སོགས། གང་ལྟར་རྒྱ་གར་ནི་བོད་མིའི་འཐབ་རྩོད་ཀྱི་གཞི་བརྟེན་ལྟ་བུ་ཞིག་ཆགས་ཡོད་ལུགས་སོགས་གསུང་བཤད་གནང་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།
Addthis
 


......