རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༣༠ཉིན། ཟླ་འདིའི་ཕྱི་ཚེས་༢༩ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གཞུང་གིས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་བྱེད་པ་སོགས་མུ་མཐུད་ནས་མཁྲེགས་འཛིན་གྱི་སྲིད་བྱུས་སྤེལ་བ་ཡིན་ན། འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས་པའི་བསྒྲགས་གཏམ་སྤེལ་འདུག དེ་ཡང་བསྒྲགས་གཏམ་གྱི་ནང་དུ་འཁོད་དོན། ཕྱི་ལོ་༢༠༠༩ལོ་ནས་ཕྱི་ལོ་༢༠༡༢ལོའི་ཟླ༡༠ཚེས༢༦བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༦༢དང་། རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པ་༥༡ཆགས་ཡོད་པ་རེད། ཕྱི་ཟླ་༡༠པའི་ནང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་༡༠བྱུང་ཡོད་ལ།
བོད་ནང་གི་བོད་མི་ཚོས། ༼༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས། བོད་མི་ཚོར་རང་དབང་དགོས་༽ཞེས་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ། གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི། བོད་མི་ཚོའི་ལུས་སེམས་གཉིས་དང་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༸གོང་ས༸་ སྐྱབས་མགོན་ཆེན་པོ་མཆོག བོད་མི་མང་གི་རེ་འདུན་ལྟར་བོད་དུ་ཕེབས་འཇུག་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དང་མཐའ་ན་མཐུན་ཕྱོགས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པ། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་མཚན་སྨད་དང་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད།
དཔེར་ན། ཟླ་འདིའི་ཚེས་༢༤ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧོང་ལི་(Hong Lei )ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ༼བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཏཱ་ལིའི་ཕྱོགས་ཁག་ལ་ཐུག་ཡོད་པ་དང་། ཕྱོགས་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིགས་ཡུལ་བཟུང་ནས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེག་གཏོང་དགོས༽ཞེས་སྐུལ་མ་བྱེད་ཀྱི་ཡོད་ཅེས། གཞི་རྩ་དང་དཔང་རྟགས་གང་ཡང་མེད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད།
དེ་བཞིན་ཟླ་འདིའི་ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ཟེར་བའི་ཉེན་རྟོག་ལས་ཁུངས་ནས། བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་རྒྱུ་རྐྱེན་ནི། རྒྱ་ནག་གཞུང་གིས་ཤེས་བཞིན་དུ། དངུལ་སྤྲད་ནས་འགོག་ཐབས་བྱས་དང་བྱེད་བཞིན་པའི་གཡོ་སྒྱུ་དེ། དེང་སྐབས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ཆབ་སྲིད་མི་སྣ་སོགས་ཀྱི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཆགས་བཞིན་ཡོད། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོགས་མེད་པ་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་རྟགས་མཚན་གསལ་པོ་ཡིན། ད་དུང་ཡང་རྒྱ་ནག་གཞུང་གིས་འདི་ལྟར་ཞག་འགྱངས་ཉིན་ཕུད་ཀྱིས། འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དུ་གཞི་མེད་ཀྱི་སྐྱོན་འཛུགས་དང་། གཡོ་སྒྱུ་ཁོ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད།
བོད་ནང་རང་ལུས་མེར་བསྲེགས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པ་འདིའི་ངོ་བོ་ནི། རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། བོད་མི་རིགས་ལ་མི་འབོར་ཉུང་ཞིང་། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དེའི་འོག བོད་མི་གཅིག་གི་སྐུ་སྲོག་ཤོར་ནའང་། བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཡིན་པ་སྨོས་མ་དགོས་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ། རྒྱ་གཞུང་གི་ངོས་ནས་ཛ་དྲག་གི་གནས་སྟངས་འདིའི་རྒྱབ་ལྗོངས་ལ་དྲང་བདེན་གྱིས་ཞིབ་འཇུག་བྱེད་དགོས་པར་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་སྐུར་འདེབས་གང་བྱུང་བྱེད་པ་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད། ད་དུང་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན། བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཁྱེར་དགོས་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་ཐེངས་མང་ཞུས་ཡོད་ལ་ད་དུང་ཡང་འདི་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།



