བོད་མིའི་མཉམ་འབྲེལ་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༡ པ་དེ་ཟླ་འདིའི་ཚེས་༡༡ནས་༡༣བར་ཉིན་གྲངས་༣རིང་འཚོགས་རྒྱུ་ཡིན་པ་དང༌། འཛིན་སྐྱོང་ཚོགས་ཆེན་འདིའི་ནང་བོད་མིའི་སྤྱི་མཐུན་མཉལ་འབྲེལ་༡༥ཡི་འཐུས་མི་༦༠ཙམ་ལྷན་འཛོམས་གནང་ཡོད་ཅིང༌། ཚོགས་ཆེན་དེ་གོ་སྒྲིག་གནང་མཁན་དྷ་ས་མཉམ་ལས་དང༌། བོད་གཞུང་ནང་སྲིད་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་གཉིས་ཡིན་འདུག
དེ་རིང་ཚོགས་ཆེན་དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཁག་ཅིག་དང༌། སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་གདན་འདྲེན་ཞུས་འདུག
བོད་མི་མང་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གིས་ Co-Operative Movement in Tibetan Conmmunity in Exile ༼བཙན་བྱོལ་བོད་མིའི་མཉམ་འབྲེལ་ལས་འགུལ་༽ཞེས་པའི་དེབ་ཅིག་དབུ་འབྱེད་དང༌། ནང་སྲིད་དྲུང་ཆེན་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ Nyamdel Newsletter ༼མཉམ་འབྲེལ་གསར་འཕྲིན་༽ཞེས་པའི་དུས་དེབ་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་དང་། བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་བཅས་རིམ་པར་གནང་ཡོད།
ཐོག་མར་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་མིའི་མཉམ་འབྲེལ་ངོ་སྤྲོད་གནང་དོན། བོད་མིའི་མཉམ་འབྲེལ་དེ་གཞིས་ཆགས་བོད་མིའི་འཚོ་བ་རྟེན་ས་དང༌། གཏན་འཇགས་ལས་བྱེད་༥༠༠ལྷག་གི་འཚོ་བ་རྟེན་ས་རེད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་སུ་ཡང་ལོ་རེར་ཚོང་གི་ཁེ་བཟང་གི་བརྒྱ་ཆ་༡༥ ཕུལ་གྱིན་ཡོད་པ་རེད།
གཞིས་ཆགས་བརྟན་ལྷིང་ཆེད་ས་གནས་སུ་བོད་མི་འཚོ་བ་སྐྱོ་བོ་སྐྱེལ་མཁན་ཚོར་ཕན་ཐོགས་དགོས་པ་ལས། ཕྱི་རྒྱལ་ཁག་ཏུ་ལམ་ཁ་ཡོད་མཁན་ཚོ་ཕྱིར་འཐེན་ཐུབ་པ་ཞིག་གིས་ཡོང་གི་མ་རེད། མི་མང་གི་ཁེ་ཕན་ཆེད་བུ་གསོ་ཁང་དང༌། རྩམ་འཐག་ཁང༌། སློབ་མ་སྐྱེལ་འདྲེན་ཆེད་སྤྱི་སྤྱོད་རླང་འཁོར་སོགས་ཁེ་བཟང་མེད་པའི་ཐོག་ནས་མི་མང་ལ་ཁེ་ཕན་སྤྲོད་ཀྱི་ཡོད་པ་རེད། བོད་མིའི་མཉམ་འབྲེལ་༡༩༦༣ ལོར་བཙུགས་ནས་ལོ་༥༠ཟིན་གྱི་ཡོད་པ་རེད། ཉེ་ཆར་མཉམ་འབྲེལ་༡༥ནང་བྱུམ་མ་མྱོང་བའི་དཀའ་ངལ་ཞིག་ཨོ་རིས་ས་ཕུན་ཚོགས་གླིང་གི་མཉམ་འབྲེལ་ནང་བྱུང་བ་རེད།
ཕྱི་ཟླ་༧ ཚེས་༣ ནས་ཨོ་རིས་ས་མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནུས་མེད་དུ་བཏང་བ་ཡིན་ཞེས་བཀའ་ཁྱབ་ཅིག་སླེབས་པ་དང༌། དེའི་ཚབ་དུ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་ནས་ལས་བྱེད་ཅིག་འཛིན་སྐྱོང་ལྟ་རྟོག་བྱེད་མཁན་ལ་བསྐོ་བཞག་བྱས་ཡོད་པ་རེད། ང་ཚོའི་མཉམ་འབྲེལ་ཚང་མ་རྒྱ་གར་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཤིག་ཡིན་པས། ག་དུས་ཡིན་ཡང་ཁྲིམས་དང་སྒྲིག་གཞི་ལ་མཐུན་པ་ལག་བསྟར་བྱེད་དགོས་པ་གལ་ཆེན་པོ་རེད་མ་གཏོགས། གནས་ཚུལ་བྱུང་རྗེས་བསྐྱར་སློག་བྱེད་རྒྱུ་ཁག་པོ་ཡོད་པ་རེད། དེ་བཞིན་གནས་ཚུལ་བྱུང་བའི་སྐབས་ཡིན་ཡང་དེ་འདྲ་བཀའ་ཁྱབ་ཅིག་སླེབས་ཡོང་དུས། སྔ་ས་ནས་དོན་ཚན་བཅུ་གཉིས་ཀྱི་སྐྱོན་གནད་རེད།
རྣམ་པ་ཚོ་ཚང་མས་དེའི་སྐོར་གང་འཚམ་མཁྱེན་གྱི་ཡོད་པ་རེད། དེ་ཚོ་བྱུང་སྐབས་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལ་འབྲེལ་བ་དགོས་ཀྱི་འདུག་མ་གཏོགས། ལྕགས་ཚ་ཐོག་ཏུ་རྡུང༌། ཇ་ཚ་ཐོག་ཏུ་འཐུང་ཞེས་པ་བཞིན་དུས་ཚོད་ཏག་ཏག་ལ་ལས་ཀ་བྱེད་མ་ཐུབ་ན། ནར་འགྱངས་སུ་ཕྱིན་པ་ཡིན་ན་ཁྲིམས་ཐོག་གི་ཡི་གེ་ལ་ཁྲིམས་རྩོད་པ་སླེབས་ནས་བྱེད་ཐུབ་ན། ནམ་རྒྱུན་ང་ཚོས་ཡི་གེ་གཏོང་མཁན་ཚོར་ལན་རྒྱག་མཁན་དགོས་ཀྱི་འདུག ལན་འདེབས་དུས་འགྱངས་སོང་བའི་དཀའ་ངལ་ཡོང་གི་འདུག
ཁྲིམས་མཐུན་ཐོག་འགྲོ་ཐུབ་པ་ཐབས་ཤེས་དགོས་ཀྱི་འདུག སྐབས་འཚམས་སུ་སྐད་ཆ་འདྲི་ས་ཡོད་པ་རེད། དཀའ་ངལ་འབྱུང་སྐྱེན་གཅིག་དེ་མཉམ་འབྲེལ་གྱི་ཚོགས་གཙོ་ཟུར་པས་ང་ཚོའི་མཉམ་འབྲེལ་ལ་དཀའ་ངལ་འདུག་ཅེས་མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་སུ་ཡིག་ཐོག་ནས་བཏང་བ་རེད། ཁ་ནང་གི་རྨ་དེ་ཁ་ནང་དུ་སོས་ཐུབ་དགོས་ཀྱི་འདུག དབུས་བོད་མིའི་སྒྲིག་འཛུགས་ལ་གོ་རིམ་མང་པོ་ཞུ་ས་ཡོད་པ་རེད་མོད། དེ་མ་བྱས་པར་རྒྱ་གར་དེབ་སྐྱེལ་ལས་ཁུངས་སུ་བསྐྱལ་བ་རེད། དེབ་སྐྱེལ་ལས་ཁུངས་དེ་ཁྲིམས་དཔོན་ལྟ་བུ་རེད། སྒྲིག་གཞི་དང་མ་མཐུན་ན་དེ་ནས་ཁྲིམས་བཏང་ན་བཙོན་ཁང་དུ་བཅུག་ཆོག་གི་རེད། ག་དུས་ཡིན་ཡང་དང་པོ་གནས་ཚུལ་ག་རེ་ཡིན་ཡང་ནང་ནས་སེལ་ཐུབ་ན་ཡག་པོ་འདུག
དུས་ཐོག་ལ་ང་ཚོས་ཧ་མ་གོ་ནས། རི་ལུད་པ་ཐག་པས་མི་བསྡོམས་ཞེས་པའི་དཔེ་ལྟར། འགན་འཛིན་ལྷན་ཚོགས་ནུས་མེད་བཏང་ཚར་དུས་ང་ཚོར་འབྲེལ་བ་བྱུང་ནས། ང་ཕར་ཕྱིན་པ་ཡིན་ཡང་དེ་ཙམ་བྱེད་རྒྱུ་མི་འདུག བཀའ་ཁྱབ་ཚང་མ་བཏང་ཚར་འདུག མི་མང་ལ་སེམས་འཚབ་འདུག འགན་འཛིན་ལྷན་ཚོགས་ནུས་མེད་བཏང༌། ཚབ་ཏུ་རྒྱ་གར་མི་ཡོང་གི་རེད་ཟེར། གསལ་པོ་མི་འདུག་ཟེར། རྒྱ་གར་གྱི་མི་ཡག་པོ་ཡོད་པ་རེད་མོད། སྡུག་ཆག་ཅིག་ལ་ཐུག་ན་དཀའ་ངལ་ཡོང་གི་རེད།
ཨོ་རི་ས་མཉམ་འབྲེལ་ལ་མི་མང་སྒོར་འབུམ་ལྔ་བརྒྱ་ལྷག་ཡོད་པ་རེད། དེ་བཞིན་ཚོང་ཆེན་པོ་རྒྱག་གི་ཡོད་པས། རྒྱ་གར་ཞིག་སླེབས་ནས་ཡག་པོ་མ་བྱུང་ན་འགྲིག་གི་མ་རེད། ཡིན་ཡང་ལྟ་དེ་ཙམ་འཐུས་ཤོར་ཕྱིན་མེད་པས། མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་སུ་ཐུག་ནས་འགན་འཛིན་ལྷན་ཚོགས་བསྐྱར་དུ་བསྐོ་བཞག་དགོས་པའི་བཀའ་ཁྱབ་བཀྲམ་རོགས་བྱས། མགྱོག་པོ་བསྐོ་བཞག་ཐུབ་ཀྱི་མེད་པས། བར་བརྒལ་གྱི་སྐབས་ལ་རྒྱ་གར་ལས་བྱེད་དུ་བསྐོ་མ་དགོས་པར་ས་གནས་འགོ་འཛིན་གྱིས་འགན་འཁུར་རྒྱུ་བྱས་ཡོད་པ་རེད་ཅེས་གསུངས་སོང༌།
དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས། དེ་རིང་འདིར་ངོས་ཀྱིས་བཀའ་ཁྲིའི་དམ་འབུལ་ཞུས་ནས་ཉིན་༤པ་དེ་འགྲོ་བཞིན་ཡོད་པ་དང༌། ངོས་རང་གཞུང་འབྲེལ་གྱིས་ཚོགས་ཆེན་འདི་འདྲ་ཞིག་གི་ཐོག་བཅར་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་དེ་རིང་འདིར་མཉམ་འབྲེལ་གྱི་ཚོགས་ཆེན་འདིའི་ཐོག་བཅར་རྒྱུ་བྱུང་བ་དེ། དུས་རྒྱུན་ངོས་ཀྱི་བཤད་བསྡད་པའི་གཞི་རིམ་གྱི་ལྟ་གྲུབ། ༼ཆིག་སྒྲིལ་དང༌། གསར་གཏོད། རང་མགོ་རང་ཐོན་༽གསུམ་པོ་དེ་མཉམ་འབྲེལ་གྱི་འཆར་གཞི་དང་ལས་དོན་བྱེད་ཕྱོགས་དང་མཐུན་པ་ལྟ་བུ་ཞིག་མཐོང་གིན་འདུག
དཔེར་ན་གཞིས་ཆགས་ཁག་གི་ནང་སྤྱི་ཁྱབ་འགན་འཛིན་དང་མཉམ་འབྲེལ་ཚོགས་གཙོ་གཉིས་ཀས་གསུངས་སོང༌། ངོས་ཀྱས་དེ་སྔོན་གཞིས་ཆགས་ཁུལ་དེ་ཚོར་བསྐྱོད་དུས། ཞིང་ལས་འདེམས་འཛུགས་དང༌། བརྔ་བསྡུ། དེ་བཞིན་རྩམ་འཐག་དང༌། སློབ་མ་སྐྱེལ་འདྲེན་རླངས་འཁོར་ལ་སོགས་དེ་ཚོ་མཉམ་འབྲེལ་གྱིས་གོ་སྒྲིག་བྱེད་ཡོང་དུས་མི་མང་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་མཐོང་སོང༌། དེ་དག་རྣམ་པ་ཚོས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་རེད། རྣམ་པ་ཚོས་སྐུ་ལས་བསྐྱོན་པ་དེར་བསྔགས་བརྗོད་དང༌། མ་འོངས་མུ་མཐུད་ནས་སེམས་ཤུགས་དང་ལྷག་བསམ་ཡོད་པའི་ཐོག་ནས་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་ད་ལྟ་ཁོང་རྣམ་པས་གསུངས་པ་ནང་བཞིན་མཉམ་འབྲེལ་དེ་བར་སྐབས་ཤིག་ལ་ཅུང་ཉམས་ཆག་ལྟ་བུར་གྱུར་ཡོད་ནའང༌། རྗེས་སུ་བསྐྱར་ཞིབ་ཀྱིས་ ༡༩༨༥ ལོར་བསྐྱར་འཛུགས་ཐུབ་པ་བྱུང་སྟེ། མཉམ་འབྲེལ་ཚོགས་པ་༥་ནས་༧་དང༌། དེ་ནས་༡༢། ༢༠༠༧ ལོར་ཚོགས་པ་ཁག་ ༡༥ ཙམ་ལ་འཕེལ་རྒྱས་བྱུང་ཡོད་པ་རེད། དེ་ནས་ཕྱི་ལོ་༢༠༠༥ནས་རྒྱ་གར་གྱི་ཁྲིམས་མཐུན་ཐོག་ནས་ཕྱག་ལས་གནང་སྟེ་ཡར་རྒྱས་བཏང་བ་རེད།
ངོས་ཀྱིས་མཉམ་འབྲེལ་གྱི་དཔལ་འབྱོར་གནས་སྟངས་དེ་ཚོར་བལྟས་པ་ཡིན། གང་ལ་གང་འཚམ་ཡར་རྒྱས་འགྲོ་བཞིན་ཡོད་པ་གསལ་པོ་རེད། ནང་སྲིད་དྲུང་ཆེ་གྱི་སྙན་ཐོ་དེའི་ནང་བལྟས་ཡོང་དུས་གནས་སྟངས་ཧ་ཅང་ཡག་པོ་ཆགས་འདུག མཉམ་འབྲེལ་མང་ཆེ་བའི་མ་དངུལ་ཟེར་ན་འདྲ། དངུལ་ཁང་ནང་ལ་ཡོད་པ་དང་ལག་དངུལ་ཡོད་པ་བཅས་ཕོན་ཆེན་པོ་རེད་འདུག
མཉམ་འབྲེལ་ཁག་ཅིག་ནང་དེ་སྔོན་ཨོ་རིས་ས་བར་སྐབས་ཉམས་ཆགས་ཕྱིན་ཡོད་ཀྱང་ད་ལྟ་ཨོ་ཙམ་ཆགས་འདུག རྡོར་གླིང་བསུ་ན་མདའ་དང་། ཏེ་ཛུ་སྒང་དེ་ཚོ་ད་ལྟའི་གནས་སྟངས་འབྲིང་ཙམ་ཡོད་པ་ཞིག རཱ་དབང་ལཱར་ན་ནིང་དེ་ཚོ་དཀའ་ངལ་བྱུང་ཡོད་རུང་ད་ལོར་ཁེ་བཟང་ཨོ་ཙམ་བྱུང་ཡོད་པ་འདྲ།
བཀའ་ཁྲི་ཟུར་པ་ཟམ་གདོང་རིན་ཆེ་མཆོག་གིས་དེ་སྔོན་དགོངས་པའི་འཆར་གཞི་ནང་གཞིས་ཆགས་ཁག་དེ་ཚོའི་ནང་མཉམ་འབྲེལ་དང༌། རང་དབང་ཐོག་མཉམ་འབྲེལ་གྱིས་སོ་སོའི་རྐང་པའི་སྒང་ལངས་ཐུབ་པ་བྱུང་ན། མི་མང་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡག་པོ་ཡོང་ས་རེད་ཅེས་གསུངས་པ་ནང་བཞིན། རྣམ་པ་ཚོས་འབད་བརྩོན་གྱིས་རང་དབང་ཐོག་ནས་གང་ལ་གང་འཚམ་ལས་ཀ་ཚགས་ཚུད་པོ་དང་ཡར་རྒྱས་འགྲོ་བཞིན་ཡོད་པ་ཞིག་རེད། གྲུབ་འབྲས་ཡང་ཡག་པོ་ཐོན་འདུག དཔེར་ན་མཉམ་དྲུང་ཁག་ལ་གླ་ཕོག་མཉམ་འབྲེལ་རང་ནས་གནང་བ་ལྟར། རིམ་པས་ལས་དྲུང་དེ་ཚོར་ལའང་མཉམ་འབྲེལ་རང་ནས་ཕོག་གནང་ཐུབ་པ་སོགས་བྱུང་ན། དེ་ཚོ་དངོས་གནས་ལངས་ཕྱོགས་དེ་ཧ་ཅང་ཡག་པོ་རེད་བསམས་ཀྱི་འདུག
དེ་རིང་རྣམ་པ་ཚོས་ཚོགས་ཆེན་ཐེངས་༡༡པ་དེ་ཚོགས་གནང་གི་ཡོད་པ་རེད། ཚོགས་སྟངས་དེ་ཡང་གསར་གཏོད་རིམ་པའི་ཐོག་ནས་གནང་གིན་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེ་རིང་རྣམ་པ་ཚོ་ཚང་མས་ཕྱི་གསལ་ནང་གསལ་བྱེད་ནས་བཀའ་མོལ་གནང༌། སང་ཉིན་ཚོགས་ཆུང་གསུམ་བགོ། ཉིན་གསུམ་པ་དེར་ཡར་བསྐྱར་མཉམ་དུ་འཛོམས་ནས་གྲོས་ཆོད་བཞག གྲོས་ཆོད་བཞག་པ་གཞིར་བཟུང༌། སྔོན་མ་ཡིན་ན་ཤོག་བུ་ཡིག་ཆ་བཀྲམས་ཀྱི་ཡོད་པ་རེད། དེ་རིང་མཉམ་འབྲེལ་ཁག་༡༥ཡོད་ས་ཚང་མར་ Laptop ལག་འཁྱེར་གློག་ཀླད་རེར་ཕུལ་ཡོད་པ་རེད། དེང་རབས་ཀྱི་རྣམ་པས་ Powerpoint ཐོག་ Presentation བྱས་ནས། དེ་དག་ CD ནང་བཅུག་ནས་སོ་སོ་ཕར་ལོག་རྗེས་མི་མང་ལ་དེའི་ཐོག་ནས་འགྲེལ་བརྗོད་གནང་འཆར་རེད་འདུག དེང་རབས་ཀྱི་འཕྲུལ་ཆས་ཐོག་ནས་ཀྱང་ས་གནས་ཀྱི་ཚོགས་གཙོ་རྣམ་པ་དང་ལས་དྲུང་རྣམ་པས་གཙོ་འགན་འཁུར་བཞིན་པ་དེ་ཧ་ཅང་ཡག་པོ་རེད་ཅེས་ཞུ་རྒྱུ་ཡིན།
ང་རང་ཡིན་ནའང་གཞིས་ཆགས་ཁག་དེ་ཚོའི་ནང་འགྲོ་དུས་མཉམ་འབྲེལ་གྱིས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཀྱིན་ཡོད་པ་དངོས་སུ་མཐོང་བྱུང༌། དེར་བརྟེན་ཕྱག་ལས་དེ་འདྲ་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན། གནང་བའི་སྐབས་སུ་ད་ལྟ་སྤྱི་ཁྱབ་འགན་འཛིན་གྱིས་གསུངས་སོང༌། རྒྱ་གར་གྱི་ཁྲིམས་ལ་བསྟུན་ཡ་དང༌། Bylaws གཞི་བཟུང་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། དེ་འདྲ་མ་གནང་བ་ཡིན་ན། ཨོ་རིས་ས་ནང་བཞིན་གནས་སྟངས་ཐབས་སྐྱོ་པོ་ཆགས་པ་ཡིན་ན། མ་རྩ་ཕོན་ཆེན་པོ་ཡོད་པ་དེ་ཡང་མེད་པ་ཆགས་རྒྱུ་དང༌། ཕན་ཐོགས་པའི་ཚབ་ཏུ་གནོད་པ་ཆགས་ན་དཔེ་བསག་གི་རེད། སྤྱིར་ཨོ་རིས་སའི་གནས་སྟངས་དེ་ཚོགས་གཙོ་དང་ལས་དྲུང་དབར་གྱི་གནས་སྟངས་ཤིག་དང༌། དེ་ནི་ཕྱིའི་གནས་སྟངས་ལས་ནང་ཁུལ་དུ་བྱུང་བ་ཞིག་ཡིན་དུས་ཧ་ཅང་བློ་ཕམ་པོ་རེད་ཅེས་གསུངས་སོང༌། ཡང་བཀའ་ཁྲི་མཆོག་གིས། མ་འོངས་པར་དེ་འདྲ་མི་ཡོང་བའི་འབད་བརྩོན་གནང་རོགས་གནང༌། མིག་དཔེ་བཟང་པོ་ཡོང་བའི་འབད་བརྩོན་གནང་རོགས། རྒྱ་གར་གྱི་ཁྲིམས་མཐུན་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
མཉམ་འབྲེལ་དེ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན་དུས། ཡིན་གཅིག་མིན་གཉིས་ཁྲིམས་དང་མཐུན་པའི་ཐོག་ནས་ཕྱག་ལས་གནང་རོགས་གནང༌། གལ་སྲིད་རྣམ་པ་ཚོར་ལམ་སྟོན་དེ་འདྲ་དགོས་ཀྱི་ཡོད་ན། སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལྷན་ཚོགས་ཡོད་ཡོད་པ་རེད། དེ་བཞིན་ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་གནང་དགོས་པ་ཡིན་ནའང་ནང་སྲིད་ལ་ཐད་ཀར་འབྲེལ་བ་གནང་རོགས་གནང༌། ང་ཚོ་འདིར་ནང་སྲིད་དྲུང་ཆེ་གཙོས་པའི་ཁོང་རྣམ་པ་ལས་བྱེད་ཡོད་རེད། དེ་ཚོ་ཐུགས་ལ་བཞག་རོགས།
གསར་གཏོད་རིམ་པའི་ཐོག་ནས་བློ་ཁོག་ཆེ་ཙམ་བྱེད་ནས། རྣམ་པ་ཚོ་ལོ་གསུམ་གསུམ་ནང་བདམས་ཡོང་དུས། ལོ་གཅིག་དེ་ཉམས་མྱོང་བསགས་པ་དང༌། ལོ་གཅིག་དེ་ནས་དུས་ཚོགས་རྫོགས་གྲབས་ཡོད་རེད་བསམས་ནས་དུས་ཚོད་འཁྱོལ་ཐབས་མ་བྱེད་པར། གནང་འཆར་ག་རེ་ཡོད་པ་ཡིན་ནའང་དེ་ཚོ་ཁྲིམས་མཐུན་ཐོག་ནས་ལོ་དང་པོ་དེ་ག་རང་དུ་འགོ་འཛུགས་གནང༌། ལོ་གཉིས་པར་འབྲས་བུ་ཐོན་ཡོང་དུས། ལོ་གསུམ་པར་རྣམ་པ་ཚོས་བྱས་རྗེས་ཤིག་བཞག་ནས། མི་མང་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པའི་ཐོག་ནས། མི་མང་གིས་རྣམ་པ་ཚོ་འདེམས་ཡོང་དུས་རེ་བ་བྱས་པ་ནང་བཞིན་བྱུང་ན་ཧ་ཅང་ཡག་པོ་རེད་བསམས་ཀྱི་འདུག་ཅེས་བཀའ་སློབ་གནང་སོང༌།
ཡང་བཀའ་ཁྲི་མཆོག་གིས། ད་ལྟ་ཚོགས་གཙོ་མཆོག་གིས། ང་ཚོའི་བོད་མིའི་སྒྲིག་འཛུགས་ལ་འབོད་སྐུལ་མང་པོ་གནང་སོང༌། གཅིག་གནང་རོགས། གཉིས་གནང་རོགས། གསུམ་གནང་རོགས། གཞུང་ཞབས་དང་མཐུན་པའི་ཐོབ་ཐང་མང་པོ་ཞིག་གནང་རོགས་གནང་ཞེས་གསུངས་ཀྱི་འདུག དེ་ཚོ་ངོས་རང་ཉི་མ་བཞི་པ་དེ་ཡིན་དུས། ད་ལྟ་གནང་རོགས་གསུངས་པ་དེ་ཚོ་ཕ་ཆེར་ཡིག་ཐོག་ནས་གནང་འཆར་ཡོད་ས་རེད། དེ་ཚོ་རིམ་པས་བསྐྱར་ཞིབ་བྱེད་ནས། གནང་འོས་པ་ཡོད་ན་ཡིན་ད་ཡིན། ངོས་རང་ལ་བཀའ་བློན་ཁྲི་པའི་འགན་ཞིག་ཡོད་ཀྱང་གྲོས་ཚོགས་ལ་བསྟུན་དགོས་ཀྱི་ཡོད་པ་རེད།
གྲོས་ཚོགས་སུ་ཁོང་རྣམ་པ་ཚོར་མཆོག་མཆན་ཞུ་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་བཀའ་དགོངས་གཞིར་བཟུང་འགྲོ་དགོས་དུས། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱིས་གཅིག་གནང་རོགས་གནང་གསུངས་པ་དེ། ང་ཚོ་འདིར་གཞུང་ཞབས་ལས་བྱེད་ཚང་མ་འཁུར་ལེན་མཁན། སེམས་ཤུགས་ལྷག་བསམ་ཡོད་མཁན་རྐྱང་རྐྱང་རེད། ང་ཚོའི་ཐོག་ནས་སྒེར་གྱི་ཐོག་ནས་བྱེད་འདོད་ཡོད་པ་མང་པོ་ཡོང་གི་རེད་བསམས་ཀྱི་འདུག
འོན་ཀྱང་གྲོས་ཚོགས་ཀྱི་རྒྱུད་ནས་འགྲོ་དགོས་དུས། རྣམ་པ་ཚོས་ཀྱང་ས་གནས་ས་ཐོག་ནས་སྤྱི་འཐུས་རྣམ་པ་ཚོ་ལའང་འབོད་སྐུལ་ཞུས་ནས་ཁོང་རྣམ་པ་ཚོས་བཀའ་ག་རེ་གནང་བ་ཡིན་ནའང་དེ་ལག་ལེན་བསྟར་ནས། ཐེངས་འདིར་རྣམ་པ་ཚོས་གཅིག་གནང་རོགས་གཉིས་གནང་རོགས་གསུངས་པ་དེ་ཡིན་ད་ཡིན་ཞུ་རྒྱུ་ཡིན། ད་ལན་རྣམ་པ་ཚོའི་ཚོགས་ཆེན་ཐེངས་༡༡པ་དེ་ལམ་འགྲོ་དང་ཚགས་ཚུད་པོ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་དེ་ནི་བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ ཙམ་གྱི་འཚོ་བའི་བརྟེན་ས་ཆགས་ཡོད་པ་དང༌། ད་ལྟ་ཚོགས་པ་འདིར་རྒྱ་བལ་འབྲུག་གསུམ་ནང་ཡན་ལག་ལས་ཁུངས་་ ༡༥༠ ཡོད་པའི་ནང༌། གཏན་འཇགས་ལས་བྱེད་ ༥༠༠ དང་འཕྲལ་སེལ་ལས་བྱེད་ ༥༠༠ ཙམ་ཡོད་ཅིང༌། ལས་བྱེད་ཚོས་ལས་ཀ་གཙོ་བོ་མགྲོན་ཁང་དང་ཟ་ཁང་གཉེར་རྒྱུ། རུམ་གདན་འཐག་པ། ཐུག་པ་བཟོ་བ། སྤོས་བཟོ། ཨ་ཤོམ་འདེབས་འཛུགས། རྩམ་པ་འཐག་པ། ཡུལ་སྐོར་ལྟེ་གནས། ཕྱུག་གསོ་ཁང༌། ནུབ་ཕྱོགས་འབྲེལ་མཐུད། (Western Union) སོགས་མི་སྒེར་དང༌། གཞུང་ངོས་ནས་ཀྱང་བསྒྲུབ་དཀའ་བའི་ལས་རིགས་མང་པོ་ཞིག་གཉེར་བཞིན་ཡོད་འདུག ཚོགས་པ་འདིས་ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ལ་ཚོང་ལས་ཁེ་བཟང་བརྒྱ་ཆ་ ༡༥ ཙམ་འབུལ་བཞིན་ཡོད་འདུག་ལ། ད་ལོར་ཡང་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་ནང་ཧིན་སྒོར་འབུམ་ ༢༠༠ ཙམ་གྱི་ཁེ་བཟང་བྱུང་ཡོད་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་འདི་ཐོག་མར་དབུས་ནང་སྲིད་ལས་ཁུངས་ནས་འཛིན་སྐྱོང་གནང་བཞིན་ཡོད་ཀྱང༌། སྐབས་བཅུ་གཉིས་པའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ལས་ཡུན་རིང་གཞུང་གི་རྒྱུན་གྲོན་ལ་གྱོང་གུད་ཕོག་པའི་དཀའ་ངལ་སེལ་ཆེད་མཉམ་འབྲེལ་ལས་ཁུངས་ཁག་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་ཡོད་འདུག
བོད་མིའི་སྤྱི་མཐུན་གྱི་མཉམ་འབྲེལ་ཁག་༡༥ནི། ཨོ་རི་སཱ་ཕུན་ཚོགས་གླིང༌། ར་ཝང་ལ་ཀུན་ཕན་གླིང༌། རྡོར་གླིང་བསུ་ན་མདའ། བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་། ཏེ་ཛུ་དར་རྒྱས་གླིང༌། ལ་དྭགས་བསོད་ནམས་གླིང༌། མོན་གྷོ་འདོད་རྒུ་གླིང༌། འབུམ་ལ་བསྟན་སྒང༌། སྦན་ད་ར་ནོར་རྒྱས་གླིང༌། མེའོ་ཆོས་འཕེལ་གླིང༌། ངྷ་ས་མཉམ་ལས། མན་སྦར་ཕན་བདེ་གླིང༌། ཧོན་སོར་རབ་རྒྱས་གླིང༌། ཀོ་ལི་སྒལ་དོན་ལྡན་གླིང༌། བྷེལ་ཀོབ་བདེ་སྐྱིད་སླར་གསོ་བཅས་ཡིན་འདུག
དེ་རིང་གི་ཚོགས་ཆེན་དབུ་འབྱེད་ཐོག རྒྱན་ཤོག་གི་ལམ་ནས་མིང་ཐོབ་སློབ་མ་གཉིས་ལ་ཆེད་ལས་ པའི་སློབ་སྦྱོང་ཆེད་མཉམ་འབྲེལ་གྱིས་སྒོར་ ༥༠༠༠༠ ཐམ་པའི་སློབ་ཡོན་སྤྲད་ཡོད་པ་དང༌། སློབ་ཡོན་ཐོབ་མཁན་གྱི་སློབ་མ་གཉིས་ནི་སྦེལ་ཀོབ་ལུགས་བསམ་ས་གནས་ཀྱི་སློབ་མ་བཀྲ་ཤིས་དོན་འགྲུབ་དང། མོན་གྷོ་འདོད་རྒུ་གླིང་ནས་ཡིན་པའི་སློབ་མ་མགོན་པོ་ཚེ་རིང་གཉིས་ཡིན་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

གསར་འགྱུར། 


ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...