རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༥ཉིན། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཨིན་ཇིའི་འོག་ནས་རང་བཙན་ཐོབ་ནས་ལོ་ངོ་༦༦འཁོར་བའི་དུས་དྲན་སྲུང་བརྩི་དང༌། བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་སོང༌།
དེ་རིང་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྲིད་གཞུང་གི་མདུན་དུ། བོད་ཀྱི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང༌། དྲུང་ཆེ་རྣམ་པ། གཞན་ཡང་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་༡༠༠ལྷག་ཙམ་འདུ་འཛོམས་ཀྱིས། རྒྱ་གར་ཨིན་ཇིའི་འོག་ནས་རང་བཙན་གཙང་མ་ཐོབ་ནས་ལོ་ངོ་༦༦འཁོར་བའི་དུས་དྲན་སྲུང་ཞུས་སོང༌།
དུས་དྲུན་སྲུང་བརྩི་སྐབས་ཐོག་མར་སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲིག་འཛུགས་གནང་བ་དང་ཆབས་ཅིག དེར་འདུས་བོད་མི་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་བཅས་ཕུལ་གྲུབ་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ། དེ་རིང་དུས་དྲན་འདི་འདྲ་ཞིག་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་དོན།
དེ་རིང་འདིར་བཀའ་ཤག་ཐོག་ནས་རྒྱ་གར་རང་བཙན་ཐོབ་ནས་ལོ་༦༦འཁོར་བའི་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཐོག་ནས་རྒྱ་གར་རྒྱལ་ཁབ་དང་མི་མང་སྤྱི་ཡོངས་ལ་འཚམས་འདྲི་ཡོད་ཅེས་ཞུ་རྒྱུ་དང༌། ལོ་རྒྱུས་ཐོག་གཟིགས་པ་ཡིན་ནའང་བོད་དང་རྒྱ་གར་གཉིས་ཐག་ཉེ་པོ་ཡོད་པ་ཧ་ཅང་གསལ་པོ་རེད།
དམིགས་བསལ་ང་ཚོའི་ནང་ཆོས་དེ་རྒྱ་གར་ནས་དར་བ་ཞིག་དང༌། རྗེས་སུ་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་སུའང་ང་ཚོའི་མང་གཙོའི་ལམ་ལུགས་དེ་རྒྱ་གར་ནང་དར་བ་ཞིག་རེད། དེ་བཞིན་ང་ཚོས་ཞི་བའི་ལམ་ནས་རྩ་དོན་རྩོད་ཀྱིན་ཡོད་ཟེར་བ་གཙོ་བོར་ནང་ཆོས་གཞིར་བཞག་པ་དང༌། དེ་བཞིན་༧གོང་ས་མཆོག་གིས་གསུང་བཞིན་པ་ལྟར། གྷན་དྷིའི་ Ahimsa འཚེ་བ་མེད་པའི་ལྟ་གྲུབ་གཞིར་བཞག་ནས་ང་ཚོས་རྩོད་ཀྱིན་ཡོད་པ་རེད། དེར་བརྟེན་སྤྱི་ཡོངས་ནས་རྒྱ་གར་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་དུས། རྒྱ་གར་གཞུང་མང་གཉིས་ཀར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་པོ་ཞིག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བཞུགས་ཡོད་དུས། ཧི་མ་ཅལ་མངའ་སྡེའི་གཞུང་དང་མི་མང་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།
དེ་རིང་ནི་རྒྱ་གར་རྒྱལ་ཁབ་དེ་ཉིད་བྷ་རཱ་ཊི་ཤི་ British Government ཞེས་པའི་དབྱིན་ཇི་བཙན་རྒྱལ་རིང་ལུགས་སམ་མི་སེར་སྤེལ་ཡུལ་རིང་ལུགས་གཞུང་གིས་བཙན་གནོན་འོག་མི་ལོ་༢༠༠ བསྡད་རྗེས། ཕྱི་ལོ་༡༩༤༧ལོའི་ཟླ་༨པའི་ཚེས་༡༥ཉིན་རང་བཙན་ཐོབ་ནས། མི་ལོ་༦༦འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད།
རྒྱ་གར་གཞུང་འབྲེལ་གྱི་རང་བཙན་ཐོབ་པའི་དུས་དྲན་གྱི་མཛད་སྒོ་གཙོ་བོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་རྒྱ་གར་གྱི་རྒྱལ་སྒོ་ India Gate མདུན་དུ་འཚོགས་ཀྱི་ཡོད་ཅིང༌། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དེ་རྒྱ་གར་གྱིས་ स्वतन्त्रता दिवस Fifteenth of August ༼བརྒྱད་པའི་བཅོ་ལྔ་༽ཞེས་འབོད་ཀྱི་ཡོད།
ཞོགས་པར་རྒྱ་གར་གྱི་སྲིད་བློན་མཆོག་ནས་རྒྱ་གར་གྱི་རྒྱལ་དར་ Red Fort མཁར་ རྫོང་དམར་པོ་ཞེས་པའི་རྒྱ་གར་གྱི་རིག་གཞུང་མཚོན་དོན་གྱི་མཁར་རྫོང་དེའི་ཐོག་སྒྲེང་འཛུགས་དང༌། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གཙོས་པའི་ཞི་དྲག་གི་དཔོན་རིགས་ཚང་མ་རྒྱ་གར་གྱི་རྒྱལ་སྒོ་མདུན་དུ་ལྷན་འཛོམས་ཀྱིས། སྲིད་བློན་མཆོག་ནས་གཏམ་བཤད་དང༌། རང་བཙན་འཐབ་རྩོད་པ་གྲགས་ཅན་རྣམས་ལ་གཟེངས་རྟགས་བཅས་གནང་སྲོལ་ཡོད། གཞན་ཡང་མཛད་སྒོ་ཐོག་རྒྱ་གར་གྱི་མངའ་སྡེ་སོ་སོའི་དམག་དཔུང་གིས་རུ་སྒྲིག་དཔུང་སྐྱོད་ཐེ་བའི་མཁའ་མཚོ་ས་གསུམ་ནས་དམག་དོན་རྔམ་སྟོན་དང༌། རྒྱ་གར་གྱི་མངའ་སྡེ་ཁག་༢༨གྱིས་མངའ་སྡེ་སོ་སོའི་ཡུལ་གྱི་བཀོད་པ་དང༌། རིག་གཞུང༌། དམིགས་བསལ་ཐོན་ཁུངས་བཅས་རླངས་འཁོར་ཆེན་པོ་ཞིག་གི་ཐོག་རྒྱ་གར་གྱི་རྒྱལ་སྒོ་མདུན་གྱི་གཞུང་ལམ་ཐོག་བསྐྱོད་ནས་འགྲེམས་སྟོན་བྱེད་ཀྱི་ཡོད། དེ་ཉིན་རྒྱ་གར་རྒྱལ་ཡོངས་སུ་རྒྱལ་དར་སྒྲེང་འཛུགས་དང༌། རྒྱལ་ཡོངས་ངལ་གསོ་དགུང་སེང་བཞག་གི་ཡོད་པ་རེད།
མཐོ་ཚད་ལ་རྨིད་༤༢ཡོད་པའི་རྒྱ་གར་གྱི་རྒྱལ་སྒོ་ India Gate ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་གནས་ཡོད་ཅིང༌། དེ་ནི་རྒྱ་གར་གཞུང་གི་དྲན་རྟེན་གྱི་མཚོན་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད། རྒྱལ་སྒོ་དེ་དབྱིན་ཇི་བ་བཟོ་སྐྲུན་མཁས་ཅན་ Edwin Lutyens ཨེ་ཌོ་ཝུན་ལུ་ཏི་ཡན་སི་ཡིས་ཇུས་འགོད་འོག་ཕྱི་ལོ་༡༩༢༡ལོར་འཛུགས་སྐྲུན་བྱས་པ་ ཞིག་ཡིན། རྒྱལ་སྒོ་དེ་ནི་དེ་སྔོན་རྒྱ་གར་དབྱིན་གཞུང་གིས་རྒྱ་གར་གྱི་རྒྱལ་ཁོངས་རྒྱ་སྐྱེད་དམ། འཛམ་གླིང་དམག་ཆེན་དང་པོའི་སྐབས། ཨ་ཧྥ་གྷན་དམག་འཁྲུག་ནང་རྒྱ་གར་དབྱིན་གཞུང་གི་དམག་མི་༩༠,༠༠༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དེ་དག་གི་ དཔའ་བོ་རྗེས་དྲན་དུ་བཞེངས་པ་ཞིག་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

གསར་འགྱུར། 



ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...