རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༨ཉིན། དེ་རིང་སྔར་དྲོར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ཕྱི་ལོ་༢༠༡༣ལོར་༧གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་སྲུང་བརྩིའི་ལས་འཆར་ཁག་ཅིག་གསལ་བསྒྲགས་གནང་སོང༌།
གསལ་བསྒྲགས་དེའི་ནང༌། ཕྱི་ལོ་༢༠༡༣ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་མཛད་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་གལ་ཆེན་སྲུང་བརྩི་དང༌། གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན། བོད་རང་བཙན་སླར་གསོའི་ནུས་ཤུགས་སྔར་ལྷག་ཆིག་སྒྲིག་དང་མདུན་སྐྱོད་ཐུབ་སླད་ཕྱི་ལོ་༢༠༡༠ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༤པའི་ཐོག རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་བསྐོང་རྒྱུའི་གྲོས་ཆོད་བཞག་པ་ལྟར། ཚོགས་ཆུང་ཆེད་འཛུགས་ཀྱི་ལམ་ནས་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་བསྐོང་གཏན་འཁེལ་བ་མ་ཟད། དེའི་སྔོན་འགྲོའི་ཚོགས་འདུ་ཞིག་ས་གནས་ཁག་བགོས་བྱས་ཏེ། ༡། བོད་རང་བཙན་སླར་གསོའི་དགོས་དམིགས་གསལ་སྟོན་དང༌། གདེངས་སྤོབས་གོང་མཐོར་གཏོང་ཐབས་དང༌། བོད་རང་བཙན་སླར་གསོའི་འཆར་གཞི་དང༌། ཐབས་ལམ། ཞེས་པའི་བརྗོད་གཞི་ཁག་གཉིས་ཀྱི་ཐོག ཡོ་རོབ་དང༌། བྱང་ཨ་རི། ཤར་གླིང་ཨེ་ཤི་ཡ། རྒྱ་གར་བཅས་སུ་བསྐོང་གཏན་འཁེལ་བའི་ཁྲོད། ཡོ་རོབ་ཏུ་བསྐོང་རྒྱུའི་ཚོགས་འདུ་དེ་ཉིད་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་ཕྱི་ལོ་༢༠༡༡ཟླ་༧ཚེས་༢༣དང༌། ཚེས་༢༤ཉིན་གྲངས་གཉིས་རིང༌། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་དང༌། ཡོ་རོབ་གཞོན་ནུའི་མཐུན་འགྱུར་ལམ་ནས་བསྡུ་སྐོང་ཞུས་ཟིན།
འབྱུང་འགྱུར་གོང་གསལ་གནད་དོན་དང་འབྲེལ་བའི་ལས་འཆར་ཁག་ཅིག་དེ་རིང་འདི་ནས་ཕྱིར་བསྒྲགས་ཞུ་རྒྱུར།
༡། ཤར་གླིང་ཨེ་ཤི་ཡ་ཁུལ་གྱི་རང་བཙན་ཚོགས་འདུ་དེ་བཞིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༧ནས་ཚེས་༢༨བར་ཉིན་གཉིས་རིང་ཐེ་ཝན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་དང༌། ཐེ་ཝན་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་ཚོགས་གཏན་འཁེལ་ཡོད།
༢། རྒྱ་བལ་འབྲུག་གསུམ་ཁུལ་གྱི་རང་བཙན་ཚོགས་འདུ་དེ་བཞིན། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༤ནས་ཚེས་༢༥བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་དང༌། ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་ཚོགས་གཏན་འཁེལ་ཡོད།
༣། བྱང་ཨ་རིའི་ཁུལ་གྱི་རང་བཙན་ཚོགས་འདུ་དེ་བཞིན། ཕྱི་ལོ་༢༠༡༢ཟླ་༡༢པའི་ནང་ཉིན་གཉིས་རིང་ནིའུ་ཡོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་དང༌། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་ཚོགས་གཏན་འཁེལ་ཡོད།
༤། དངོས་གཞིའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་དེ་བཞིན་ཕྱི་ལོ་༢༠༡༣ཟླ་༢༡ཚེས་༡༣སྟེ། ༧གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་འཁོར་བའི་ཉིན་མོར། བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་དང༌། དྷ་རམ་ས་ལ་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་ཚོགས་གཏན་འཁེལ་ཡོད་པས། གོང་གསལ་ཚོགས་འདུ་ཁག་ཏུ་བོད་རང་བཙན་དོན་གཉེར་ཅན་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་གང་མང་གིས་ཆ་ཤས་ལེན་གནང་ཡོང་བ་ཞུ།
༥། རང་བཙན་འཐབ་རྩོད་ཀྱི་མཚོན་རྟགས་ཤིག་རང་བཙན་འཐབ་རྩོད་བྱེད་མཁན་གྱི་མི་སྒེར་དང་ཚོགས་སྡེ་ཁག་ཚང་མས་གཅིག་གྱུར་བེད་སྤྱོད་ཡོང་བ་ཞིག་བཟོ་དགོས་པ་ཡོ་རོབ་རང་བཙན་ཚོགས་འདུའི་ཐོག་དགོངས་འཆར་ཐག་གཅོད་བྱུང་བ་བཞིན། རང་བཙན་མཚོན་རྟགས་ཤིག་ཇུས་འགོད་འགྲན་སྡུར་གྱི་ལམ་ནས་གཏན་འབེབས་ཞུ་རྒྱུ་ལགས་ཤིང༌། མཐའ་མའི་ཇུས་འགོད་པ་རྩེ་ཕུད་དེར་ཧིན་སྒོར་ཁྲི་ལྔའི་བྱ་དགའ་ལེགས་སྐྱེས་འབུལ་རྒྱུ་ལགས་ན། མཚོན་རྟགས་དེ་བཞིན་འབྲི་དེབ་ལ། རང་བཙན་འཐབ་རྩོད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཚོར་ཤུགས་སྤྲད་ཐུབ་ངེས་ཤིག་ཡིན་དགོས་པ་མ་ཟད། ཇུས་འགོད་རི་མོ་དེ་བཞིན་རྒྱབ་ལྗོངས་འགྲེལ་བཤད་དང་བཅས། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༣༠གོང་དུ་གཞོན་ལྷན་དབུས་ལ་འབྱོར་དགོས་ཤིང༌། ཇུས་འགོད་རི་མོ་དེ་བཞིན་ལོ་རྒྱུས་དང་རི་མོའི་སྒྱུར་རྩལ་བ་ཁག་ལས་གྲུབ་པའི་ཚོགས་ཆུང་ཚེད་འཛུགས་ཀྱསི་འདེམས་སྒྲུབ་གཏན་འབེབས་ཞུ་རྒྱུ་ཡིན།
༦། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༣ཉིན་རང་བཙན་སླར་གསོའི་མནའ་སྐྱེལ་དམ་འཇོག་གི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་རྒྱུ།
༧། ཡིག་ཆ་དཔར་འགྲེམས་དང༌། བགྲོ་གླེང༌། རང་བཙན་ཁུངས་སྐྱེལ་དང་འབྲེལ་བའི་འགྲེམས་སྟོན་སོགས། ལས་འགུལ་སྣ་ཚོགས་བརྒྱུད། ཕྱི་ལོ་༢༠༡༣དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་སོང༌།

གསར་འགྱུར། 

