རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༨ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཇཱ་སི་པ་ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཁུལ་དེའི་སེར་སྐྱ་མི་མང་རྣམས་ལ་ནང་ཆོས་སྐོར་བཀའ་སློབ་གནང་སོང༌། དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་༡༦ནས་༡༧བར་ཀུ་ལུ་ཁུལ་དུ་ཡོད་པའི་དྭགས་པོ་བཤད་སྒྲུབ་གླིང་དང༌། པ་ཏི་ཀུ་ལག་ཤེས་སློབ་གཉེར་ཁང༌། དེ་བཞིན་དུ་མཱ་ཎ་ལི་དགེ་ལུགས་པའི་དགོན་པ་བཅས་སུ་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། དེ་རིང་སྔ་དྲོ་ཆུ་ཚོད་༧ཐོག་མཱ་ཎ་ལི་ནས་རླངས་འཁོར་བརྒྱུད་ཆིབས་བསྒྱུར་བསྐྱངས་ཏེ། ཕེབས་ལམ་དུ་སྐུ་ངལ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། དགོང་དྲོ་ཆུ་ཚོད་༣དང་ཕྱེད་ཀ་ཐོག་ཧི་མ་ཅལ་མངའ་ཁུལ་གྱི་ཇ་སི་པ་ཞེས་པར་ཞབས་སོ་བདེ་བར་འཁོད་ཡོད་པ་རེད།
སྐབས་དེར་ཁུལ་དེའི་རྒྱ་གར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང༌། བདེ་འཇགས་མི་སྣ་དང་ས་གནས་དཔོན་རིགས། འབྲུག་ཆོས་འཁོར་སྡེའི་ཕོ་བྲང་ཞེས་པའི་དགོན་པའི་མཁན་བླ་དགེ་བཤེས་དང་དགེ་འདུན་པ་དེ་བཞིན་སེར་སྐྱ་མི་མང་ཆིག་སྟོང་ལྷག་ཙམ་གྱིས་མགོན་པོ་གང་ཉིད་ལ་ཕེབས་བསུ་ཟབ་རྒྱས་ཞུས་གནང་སོང༌། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་མཁན་བླ་དགེ་བཤེས་རྣམ་པའི་དབུས་དཔལ་བདེ་མཆོག་གི་བཀའ་ཆོས་གོ་སྒྲིག་ཞུ་མཁན་རྣམ་པར་ཐེངས་འདིའི་གསུང་ཆོས་དང་དགོས་མཁོ་གྱི་གྲ་སྒྲིག་ཆ་ཚང་ཞུས་པར་རྗེས་སུ་ཡི་རང་གི་བསྔགས་བརྗོད་གནང་བ་དང་ཆབས་ཅིག བླངས་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་དོན། རྒྱ་གར་མངའ་སྡེའི་འཐུས་མི་ཟུར་པ་མཁས་དབང་རམ་ལ་ལི་དང༌། དེ་བཞིན་ས་གནས་ཀྱི་ལས་བྱེད་སྤྱི་བྱེ་བྲག་རྣམ་པ། སེར་སྐྱ་མི་མང་ཚང་མར་ཞུ་རྒྱུར། དེ་རིང་ཁུལ་འདིར་སླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང༌། འདི་གར་གྲ་སྒྲིག་གནང་བ་དེ་ཚོ་ཧ་ཅང་ཡག་པོ་བྱུང་འདུག མི་མང་ཚོའི་ངོས་ནས་དད་པ་དམ་ཚིག་གཡོ་བ་མེད་པའི་དགའ་བསུ་བྱས་པ་དེ་འདྲ་རེད། ལམ་ཁར་ཆ་མཚོན་ནའང་གྲོང་སྡེ་མེད་ན་མ་གཏོགས་གྲོང་སྡེ་ཡོད་ས་ཚང་མས་ང་ཡོང་དུས་དགའ་བསུ་བྱེད་མཁན་དེ་འདྲ་བྱུང་སོང་ཐུགས་རྗེ་ཆེ་ཞེས་དང༌། ཡང་གང་ཉིད་ཀྱིས་༼མཁས་དབང་རམ་ལ་ལི་༽ལགས་ཀྱིས་རྣམ་ཀུན་གྱི་གྲ་སྒྲིག་འདི་ཡང་རྣམ་ཤེས་དང་རྒྱུ་མཚན་འདྲ་མིན་ཀྱིས་རྐྱེན་པས་ཡག་པོ་ཞིག་བྱུང་མ་སོང་ཞེས་དགོངས་ཚུལ་ཡོད་ཅེས་གསུངས་ཀྱི་འདུག དེ་འདྲ་གསུང་དགོས་པ་གང་ཡང་ཡོད་པ་མ་རེད་ཅེས་བཀའ་ཕེབས་སོང༌། མགོན་པོ་གང་ཉིད་ཀྱིས་མུ་མཐུད་ནས་བཀའ་སློབ་ཕེབས་དོན། དེ་སྔོན་ནས་ངོ་ཤེས་པ་དང་མང་པོ་ཞིག་གིས་གཱ་ཤ་ཁུལ་དུ་ཡོང་རོགས་གྱིས་ཞེས་གསུངས་ཀྱི་འདུག ལྷག་པར་དུ་བཀྲ་ཤིས་དཔལ་འབྱོར་ལགས་རེད། བཀྲ་ཤིས་དཔལ་འབྱོར་ལགས་གང་དུ་འདུག སྔོན་མ་ནས་ངོ་ཤེས་པ་རེད། ཁོང་གིས་རེ་སྐུལ་མང་པོ་བྱས་སོང༌། དེར་བརྟེན་ང་ངེས་པར་དུ་འགྲོ་ཐུབ་ན་བསམས་པའི་སེམས་ཤུགས་བསྐྱེད་ནས་བསྡད་པ་ཡིན། འོན་ཀྱང་དུས་ཚོད་ཀྱིས་རྐྱེན་པས་ང་རང་འགྲོ་རྒྱུའི་དུས་ཚོད་ཁོམ་ལོང་ཞིག་མེད་པ་དང༌། མཐར་ངའི་དུས་ཚོད་སྟོང་པ་ཞིག་ཆགས་ནས་འདིར་ཡོང་རྒྱུར་གཏན་ཁེལ་བ་རེད། ཉིན་ཤས་སྔོན་དུ་ལམ་ཁ་དེ་ཚོ་ཡག་པོ་མི་འདུག ལམ་ཁ་དེ་ཚོ་གང་འདྲ་བྱེད་ཡོང༌། ཕལ་ཆེར་ཕྱི་འཐེན་བྱེད་དགོས་མི་འགྲོ་བསམས་པའི་སྐད་ཆ་བྱུང༌། འོན་ཀྱང་ད་ལྟ་སྐྱོན་མི་འདུག མོ་བཀྲ་ག་ལེ་ག་ལེར་འགྲོ་བ་ཡིན་ན་སྐྱོན་ཡོད་ཀྱི་མ་རེད་ཅེས་ཐག་བཅད་ནས་ཡོང་བ་ཡིན་མ་གཞི་ནས་ད་ནང་ཞོགས་པར་ལམ་ཁ་ནས་གཟུགས་པོ་ཕར་གཡུག་ཚུར་གཡུག་བྱེད་ནས་ཡོང་བ་ཡིན། འགག་བསྡད་པ་དེ་འདྲ་གཏན་ནས་བྱུང་མ་སོང༌། དེར་བརྟེན་གཟུགས་པོ་མ་བདེ་བ་དེ་འདྲ་ཡང་གཏན་ནས་བྱུང་མ་སོང༌། ནམ་རྒྱུན་མོ་བཀྲ་ནས་ཡར་མར་འགྲོ་སྐབས་ག་ཚོད་གཡུག་ན་ཡང་སྐྱུག་པ་སྐྱུག་པ་དེ་འདྲ་ཡོང་གི་མེད། ངོ་ཤེས་པ་ཁ་ཤས་མོ་བཀྲའི་ནང་སྐྱུག་པ་སྐྱུག་ནས་རྙོག་དྲ་ཚ་པོ་དང༌། དཀའ་ལས་ཁག་པོ་དེ་འདྲ་འདུག་ཨ། ང་རང་དེ་འདྲ་ཡོད་པ་མ་རེད། ལམ་ཁར་ནས་ཡོང་དུས་ལྟད་མོ་ཧ་ཅང་ཆེན་པོ་བྱུང༌། ལམ་ཁ་ཡར་མར་འགྲོ་སྐབས་ནམ་རྒྱུན་ང་རང་གི་ཁ་འདོན་དེ་ཚོ་ཡང་སྐྱོ་གིན་སྐྱོ་གིན་ཕྱིན་པ་ཡིན་ན། དུས་ཚོ་དེ་ཡང་འགྲོ་བ་དང་ཁ་འདོན་དེ་ཚོ་ཡང་ཆ་ཚང་ཚར་འགྲོ་གི་འདུག ཧ་ཅང་སྟབས་བདེ་པོ་འདུག དེ་རིང་དེ་འདྲ་བྱས་ནས་ཡོང་བ་རེད། དེ་རིང་འདིར་བདེ་འབྱོར་བྱུང་བ་རེད། ལམ་ཁར་ཁང་པ་གསར་པ་དེ་འདྲ་མང་པོ་བརྒྱབ་འདུག ལྷག་པར་དུ་དགོན་པའི་ཟུར་དུ་སློབ་གྲྭ་ཡང་བརྒྱབ་འདུག དངོས་གནས་སྤྲོ་བ་སྐྱེ་འོས་པ་ཞིག་རེད། དགོན་པ་ཡར་རྒྱས་ཕྱིན་པ་དེ་ཧ་ཅང་གི་ཡག་པོ་རེད་ལ་རྗེས་སུ་ཡི་རང་གི་བསྔགས་བརྗོད་ཡོད། སེར་སྐྱ་མི་མང་གི་འཚོ་བ་ཡང་གལ་ལེ་གལ་ལེར་ཡག་ཏུ་ཡག་ཏུ་འགྲོ་བཞིན་ཡོད་ས་རེད། དེར་བརྟེན་མི་ཚེ་གཅིག་གི་དོན་དུ་ཕྱིའི་དངོས་པོ་ཡང་ཡར་རྒྱས་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། དེ་བཞིན་ལུས་པོར་བདེ་སྐྱིད་ཡོང་བ་དེ་དང་ཆབས་ཅིག་ནང་སེམས་ལའང་བདེ་སྐྱིད་དང་དཀའ་ངལ་གྱི་གཉེན་པོ་བརྟེན་ཐབས། སེམས་ནང་ཞི་བདེ་ཡོང་བར་ཐབས་ཤེས་བྱེད་དགོས་པ་རེད། གང་ལྟར་ཡུ་མི་ཁྱེད་རང་ཚོ་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག སོ་སོ་ཕ་མེས་ནས་ཆད་པའི་ཆོས་བྱེད་ཀྱི་ཡོད་པ་རེད། སངས་རྒྱས་པའི་ཆོས་ལ་ཁྱེད་རང་ཚོས་དད་པ་དང་དམ་ཚིག་གཡོལ་བ་མེད་པ་བྱས་ནས་བསྡད་ཡོད་པ་དེ་ཧ་ཅང་གི་ཡག་པོ་རེད། གང་ལྟར་གང་འདྲ་བྱེད་དགོས་པ་རེད་ཅེ་ན། སངས་རྒྱས་ཀྱི་ཆོས་ Buddha,dharma ཟེར་ནས་མིང་ཚིག་གཅིག་པུ་ལབ་ནས་མ་བསྡད་པ། ནང་དོན་རིག་པའི་དོན་ངོ་མ་དེ་རྟོགས་དགོས་ལུགས་ཀྱི་བཀའ་སློབ་གལ་ནན་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་སྔ་དྲོ་ཆུ་ཚོད་༩པའི་ཐོག་དད་ལྡན་སེར་སྐྱ་མི་མང་རྣམས་ལ་དཔལ་བདེ་མཆོག་གི་ཆོས་འབྲེལ་གནང་རྒྱུ་ཡིན་པའི་གནས་ཚུལ་མདོ་བསྡུས་སུ།
ཇཱ་སི་པ་ནས་བོད་ཀྱི་ཆ་འཕྲིན་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་གིས་གནས་ཚུལ་མཁོ་གཏོང་བྱས།།

གསར་འགྱུར། 

