རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༡༡ཉིན། ཁ་སང་འཇར་མན་གྱི་རྒྱལ་ས་བྷ་ལིང་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ། ཌོ་ཆི་ལན་ཌི་བོད་དོན་ལས་འགུལ་ཚོགས་པས་གོ་སྒྲིག་འོག གསུམ་བཅུའི་དུས་དྲན་ཐེངས་༥༢པ་སྲུང་བརྩི་དང༌། ངོ་རྒོལ་སྐད་འབོད་བྱས་འདུག
སྐབས་དེར་ཌོ་ཆི་ལན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝོལ་ཧྥ་གྷན་གྷ་རཱ་ཌར་ལགས་ཀྱིས། དུས་ད་ལྟ་ཡང་བོད་ནང་དུ་ཡོད་པའི་བོད་མི་དེ་ཚོས་ཐོབ་ཐང་སྐོར་ཁྲིམས་མཐུན་གྱི་སྐད་ཆ་ཞིག་བཤད་པ་ཡིན་ནའང༌། ཉེན་ཚབ་ཆེ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ང་ཚོའི་ཆབ་སྲིད་པ་དེ་ཚོར་བོད་ནང་དུ་བོད་མི་ཚོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ལུགས་འབོད་སྒྲ་ཤུགས་ཆེ་ཙམ་སྒྲོག་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད།
ད་ལྟའི་ཆར་བོད་ནང་དུ་ཁྱོན་བོད་མི་ཆབ་སྲིད་བཙོན་པ་༨༣༠ཙམ་ཡོད་པ་དང༌། ལོ་སྔོན་མར་གསར་དུ་ཁྱོན་བོད་མི་༡༨༨ཙམ་འཛིན་བཟུང་བྱས་ཡོད་པ་རེད། མ་ཚད་དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་དང༌། རྩོམ་པ་པོ། འཁོར་ཡུག་སྲུང་སྐྱོབ་པ་རྣམས་ལ་དམིགས་འབེན་དུ་བཟུང་ཡོད་ཅིང༌། རྒྱུན་དུ་རྒྱ་ནག་གཞུང་གི་བོད་པའི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་ཉིད་གང་ཐུབ་གཏོར་བཤིགས་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད་ཅེས་གསུངས་ཡོད།
ཐེངས་འདིར་འཇར་མན་གྱི་གྲོང་ཁྱེར་བྷིར་མན་དང༌། ཧྭན་ནོ་ཝར། མཱ་དྷི་བྷུ་རཱ། ཕོ་ཚི་ཌམ། སཱར་བྷུར་ཁིན། སི་ཊུ་གྷར་ཊི། ཝིེ་སི་བྷ་ཌན་བཅས་སུ་དུས་དྲན་སྲུང་བརྩི་བྱས་ཡོད་ཅིང༌། འཇར་མན་གྱི་རྒྱལ་ས་བྷ་ལིང་དུ་དུས་དྲན་ལས་འགུལ་སྐབས་ཌོ་ཆི་ལན་ཌི་བོད་དོན་ལས་འགུལ་ཚོགས་པས། དྲ་རྒྱ་ཁག་དང༌། འཇར་མན་གྱི་གྲོང་ཁྱེར་དང༌། རྫོང༌། གྲོང་སྡེ་བཅས་ས་ཁུལ་ཁག་༡༡༥༠ཙམ་གྱི་ནང་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད་འདུག
ཌོ་ཆི་ལན་ཌི་བོད་དོན་ལས་འགུལ་ཚོགས་པ་ནི་ཕྱི་ལོ་༡༩༨༩ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང༌། ཚོགས་པ་དེ་ནི་རྒྱ་ནག་གི་བཙན་འཛུལ་འོག་བོད་ནང་དུ་བོད་མིའི་ཚོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ཚོགས་པ་ཞིག་ཡིན་པ་དང༌། ད་ལྟའི་ཆར་འཇར་མན་གྱི་ས་གནས་ཁག་༦༠ཙམ་གྱི་ནང་ཁྱོན་ཚོགས་མི་༢༠༠༠ཙམ་ཞིག་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

གསར་འགྱུར། 

