རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༤ཉིན། དེ་རིང་ཕྱི་ཚེས་༤རེས་ལྷག་པའི་ཉིན་ཁེ་ན་ཌའི་གྲོང་ཁྱེར་ Toronto ཊོ་རོན་ཊོའི་ནང་བརྟེན་གཞི་བྱས་ཡོད་པའི་ Parkdale Collegiate ཕར་ཁ་ཌ་ལི་ཀོ་ལི་གྷེ་ཊི་མཐོ་སློབ་ནང་སློབ་སྦྱོང་གནང་བཞིན་པའི་བོད་རིགས་མཐོང་རིམ་སློབ་མ་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་༼ལྷག་དཀར་༽སྲུང་བརྩི་བྱས་འདུག
Parkdale Collegiate ཧྥར་ཁ་ཌ་ལི་ཀོ་ལི་གྷེ་ཊི་མཐོ་སློབ་ནི། བོད་རིགས་སློབ་མ་ཆེས་མང་བའི་སློབ་གླིང་ཞིག་ཡིན་འདུག་ལ། སློབ་གླིང་དེར་བོད་རིགས་སློབ་མ་དང༌། བོད་དང་འབྲེལ་བའི་རིག་གནས་སློབ་སྦྱོང་གནང་མཁན་ཁྱོན་སློབ་ཕྲུག་གྲངས་༢༠༠ཙམ་ཡོད་འདུག
ཧྥར་ཁ་ཌ་ལི་བོད་རིགས་མཐུན་ཚོགས་ནས་ཡིན་པའི་བསྟན་འཛིན་དབང་གྲགས་ལགས་ཀྱིས། ཐེངས་འདིའི་༼ལྷག་དཀར་༽སྲུང་བརྩི་ནི། རྒྱ་ནག་གཞུང་གིས་བཙན་གནོན་འོག ཕྱི་ལོ་༢༠༠༩ནས་བཟུང་བོད་ནང་དུ་དགེ་འདུན་པ་དང༌། བཙུན་མ། མི་སྐྱ་བཅས་ཁྱོན་མི་གྲངས་༤༠ལྷག་ཙམ་གྱིས་རང་ལུས་མེ་སྲེག་བཏང་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ལ་ཆིབས་བསྒྱུར་གནང་དགོས་པའི་དགོས་འདུན་བཏོན་ཡོད་པས་དེ་ཚོའི་ཆེད་གདུང་སེམས་མཉམ་སྐྱེད་ཞུས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་འདུག
༼ལྷག་དཀར་༽ནི་ཕྱི་ལོ་༢༠༠༨ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ས་ཡོངས་སུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་རྗེས་ནས་བྱུང་བའི་ལས་འགུལ་ཞིག་ཡིན། ལས་འགུལ་དེ་ནི་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་ཚོས་སོ་སོའི་ཆས་གོས་གྱོན་པ་དང༌། བོད་སྐད་གཙང་མ་ཤོད་པ། དམར་ཟས་སྤོངས་བ། ཅ་དངོས་སོགས་བོད་པ་སོ་སོའི་ཚོང་ཁང་ནས་ཉོ་བ། དེ་ཉིན་དགོན་པ་དང་ལྷ་ཁང་སོགས་ལ་ཕྱག་དང་སྐོར་བ་དང་། སྨོན་ལམ་མཆོད་འབུལ་སོགས་ལ་འབད་པའི་ལས་འགུལ་ཞིག་ཡིན་ལ། རེས་གཟའ་ལྷག་པ་ནི་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གི་སྐུའི་བླ་གཟའ་ཡིན།
ཁེ་ན་ཌ་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཨོ་རྒྱན་ལགས་ཀྱིས། འདས་པའི་དུས་ཡུན་ལོ་ངོ་བཅུ་ཕྲག་༦ཙམ་རིང༌། བོད་མི་རྣམས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག མུ་མཐུད་ནས་མནར་གཅོད་མྱོང་བཞིན་ཡོད། དེར་བརྟེན་ད་ཆ་བོད་མི་རྣམས་ཀྱིས་སོ་སོའི་གཟུགས་པོ་མེ་སྲེག་བཏང་ནས་འཛམ་གླིང་མི་མང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། བོད་ནང་དུ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད་ལས་འགུལ་སྤེལ་རྒྱུ་ང་ཚོ་ཚར་མར་འགན་འཁྲི་ཡོད་པ་རེད་ཅེས་གསུངས་འདུག
ཕྱི་ལོ་༢༠༠༨ནས་བཟུང་བོད་ནང་དང་དེ་བཞིན་བཙན་བྱོལ་ནང་ལའང་ལྷག་དཀར་སྲུང་བརྩི་བྱེད་པའི་ལས་འགུལ་རྒྱ་ཁྱབ་ཏུ་ཕྱིན་ནས། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་རྣམས་ཀྱིས་ལུས་ལ་བོད་ཆས་གྱོན་པ་དང༌། ཁ་ནས་བོད་སྐད་གཙང་མ་ཤོད་རྒྱུ་ཐེ་བའི་གཞན་ཡང་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཅ་དངོས་ཉོ་འཚོང་མཚམས་འཇོག་དང༌། བདུན་ཕྲག་རེར་བོད་ཡིག་གི་ཚགས་ཤོག་ཐེངས་རེ་ཀློག་རྒྱུར་གོམས་གཤིས་འཇགས་ཐབས་བྱེད་པ་སོགས། ལས་འགུལ་དེ་བོད་མི་གནས་སྡོད་བྱེད་ས་འཛམ་གླིང་གི་ས་ཕྱོགས་གང་སར་སྤེལ་དང་སྤེལ་བཞིན་པ་ཞིག་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

གསར་འགྱུར། 

