རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༤ཉིན། འདི་ལོའི་ཟླ་༦ཚེས་༢༤ཉིན་བཀའ་ཁྲི་མཆོག་གིས་མེལ་བྷོན་ཁུལ་གྱི་ཕྱི་སྡོད་རྒྱ་མི་༥༠ལྷག་དང་མཇལ་མོལ་གྱིས་རྒྱ་ནག་རིམ་གྱིས་མང་གཙོའི་ལམ་ལུགས་སུ་སྐྱོད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་ ༦ ཚེས་ ༢༤ ནས་ཕྱི་ཟླ་ ༧ ཚེས་ ༡ བར་ཉིན་གྲངས་བདུན་རིང་ཨོ་སི་ཊོ་ལི་ཡར་གཞུང་འབྲེལ་འཚམས་གཟིགས་རིང༌། གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་ཆབ་སྲིད་ཚོགས་པའི་འཐུས་མི། དེ་བཞིན་ལྗང་གུ་ཚོགས་པའི་ཚོགས་གཙོས་དབུས་གྲོས་ཚོགས་འཐུས་མི་བཞི་བཅུ་ལྷག་དང་མཇལ་འཕྲད་གནང་བ་མ་ཟད༌། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། བཀའ་ཁྲི་མཆོག་གིས་ད་དུང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དང་སིད་ནི་ཁུལ་གནས་རྒྱ་མི་རིགས་དང་མཇལ་མོལ་ཡང་གནང་ཡོད༌།
དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཀའ་ཁྲི་མཆོག་མེལ་བྷོན་ཁུལ་གནས་རྒྱ་རིགས་གྲངས་ ༥༠ ལྷག་དང་མཇལ་མོལ་སྐབས། རང་ཉིད་ལོ་མང་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ལ་ཞིབ་འཇུག་གནང་ཡོད་ལ། རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་སྟབས། རྒྱ་ནག་ནང་རིམ་བཞིན་མང་གཙོའི་ལམ་ལུགས་སུ་བསྐྱོད་རྒྱུར་གལ་ཆེ་ཡིན་སྐོར་དང༌། བཀའ་ཁྲི་མཆོག་གིས་བཀའ་ཤག་གསར་པའི་སྲིད་བྱུས་དང་བོད་ནང་རང་ལུས་མེར་སྲེག་བཏང་བ་སོགས་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས་རྒྱ་རིགས་ཚོས་དྲི་བར་ལན་འདེབས་དང་གསལ་བཤད་གནང་ཡོད་འདུག་ཅེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

གསར་འགྱུར། 

