གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧རེས་གཟའ་མིག་དམར་ཉིན། ཨ་རིའི་ཁ་ལེ་ཧྥོར་ནེ་ཡ་མངའ་སྡེའི་སན་ཌི་གྷོ་གཙུག་ལག་སློབ་གྲྭ་ཆེན་མོའི་དཔོན་རིགས་དང་༧གོང་ས་མཆོག་གི་སྐུ་ཚབ་བླ་མ་བསྟན་འཛིན་དོན་ལྡན་ལགས་བཅས་ནས། ད་ལོའི་ཕྱི་ཟླ་༤པའི་ནང༌། ༧མགོན་པོ་གང་ཉིད་ཀྱིས་ཨ་རིའི་སན་ཌི་གྷོ་ནང་མཛད་འཕྲིན་རྒྱ་ཆེར་བསྐྱངས་སྐབས་ཀྱི་དངུལ་ཡོང་ཨ་སྒོར་སྟོང་ཕྲག་ལྔ་བཅུ་ལྔ་གཅིག་གི་དངུལ་འཛིན་དེ། ཟླ་འདིའི་ཕྱི་ཚེས་༡༩ཉིན། སན་ཌི་གྷོ་ནང་ཡོད་པའི་ཁྱིམ་མེད་གཞོན་ནུའི་སློབ་གྲྭ་མའོ་ནར་ཆི་ལ་ཞབས་འདེབས་སུ་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་བ་ལྟར། རེས་གཟའ་མིག་དམར་ཉིན་དངོས་སུ་གནང་ཡོད་འདུག
སྐབས་དེར་མའོ་ནར་ཆི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཨེ་རིན་སི་པི་ཝ་ཁུ་(Erin Spiewak)ལགས་ཀྱིས། རོགས་དངུལ་འདིས་ང་ཚོའི་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ལ་རྒྱབ་སྐྱོར་དང༌། མ་འོངས་པར་ཁོ་ཚོ་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་ཐུབ་པའི་དམིགས་ཡུལ་བཟུང་ནས་འབད་བརྩོན་གནང་རྒྱུ་ཡིན་ལུགས་དང༌། རོགས་དངུལ་དེ་སློབ་མ་ཚོར་འཛམ་གླིང་ནང་འགོ་ཁྲིད་ཀྱི་འགན་འཁུར་ལེན་སྟངས་ཐད་ཟབ་སྦྱོང་སྤྲོད་པའི་ལས་འཆར་ཐོག་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག
མའོ་ནར་ཆི་སློབ་གྲྭ་ཕྱི་ལོ་༡༩༨༨ལོར་ཆེད་དུ་སན་ཌི་གྷོ་ནང་གི་ཁྱིམ་མེད་གཞོན་ནུ་ཚོར་དམིགས་ནས་བཙུགས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་པ་དང༌། ད་ལྟའི་ཆར་ལོ་༤ནས་༡༩བར་གྱི་སློབ་མ་༡༥༥ཙམ་ཡོད་པ་དང༌། ཨ་རིའི་ནང་གི་ཁྱིམ་མེད་གཞོན་ནུའི་སློབ་གྲྭ་གཅིག་པུ་དེ་ཆགས་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

གསར་འགྱུར། 

