རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༢༦ཉིན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་འདི་བཞིན་བཙན་བྱོལ་བོད་མི་གནས་སྡོད་ཁུལ་ཡོད་དོ་ཅོག་ལ་སྐོར་སྐྱོད་གནང་རྒྱུ་ཡིན་ལ། བོད་མི་ཚང་མ་མཉམ་ཞུགས་བྱེད་པའི་གོ་སྐབས་ཤིག་བསྐྲུན་གྱི་ཡོད་ཅེས་གསུངས་སོང༌།
བོད་མི་མང་སྤྱི་འཐུས་ནས་དབུ་ཁྲིད་པའི་རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་སྐོར་སྐྱོད་བཞུགས་སྒར་དྷ་རམ་སའི་མེག་གྷན་དུ་འབྱོར་བ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་༩པ་ཙམ་ལ། ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་དཔལ་འབར་རྩིས་སྤྲོད་ཀྱི་མཛད་སྒོ་ཚོགས་སོང༌།
སྐབས་དེར་བཀའ་ཁྲི་མཆོག་གིས་ལས་འགུལ་འདི་ལ་བཀའ་ཤག་གི་ངོས་ནས་རྒྱབ་སྐྱོར་དང་ས་གནས་ཁག་གི་མི་མང་གང་མང་མང་མཉམ་ཞུགས་གནང་རྒྱུར་འབོད་སྐུལ་གསུང་བཤད་གནང་དོན། གཞིས་ལུས་བོད་མི་ཚོས་མཐའ་ན་རང་གི་རྩ་ཆེ་བའི་སྲོག་དེ་ཡང་བློས་གཏོང་བཞིན་ཡོད་དུས། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་ནག་གཞུང་གི་སྲིད་བྱུས་དེ་མ་དྲང་བ་མཚོན་གྱི་ཡོད། ཡིན་ནའང༌། བོད་མི་ཚོས་ད་ལྟ་ཡང་བདེན་པ་རྩོད་བཞིན་ཡོད་པ་རེད། ཁོ་ཚོས་ང་ཚོས་བློས་བཏང་བའི་སྲོག་དེ་ཁྱེད་ཚོས་མ་བརྗེད་པ་བྱེད་དགོས་པ་རེད། ང་ཚོའི་མངོན་འདོད་དེ་མ་བརྗེད་པའི་ཐོག་ནས་ང་ཚོའི་འབོད་སྒྲ་དེ་འཛམ་གླིང་ཡོངས་ལ་ཁྱབ་པ་བྱེད་དགོས་ཞེས་ང་ཚོར་རེ་བ་བཅོལ་ཡོང་དུས། བཀའ་སྤྱི་གཉིས་ཀའི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད་ལ། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཀྱང་ལས་འགུལ་མང་པོ་སྤེལ་བཞིན་ཡོད་པ་རེད་ཅེས་དང༌།
ཡང་ཁོང་གིས་མུ་མཐུད་དུ། ད་ལན་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་འཁུར་བ་དང་འགོ་ཁྲིད་པའི་༼བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་༽འདི་ལ་བོད་མི་སྤྱི་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་ཡིན་ལ། ས་གནས་ཁག་ལ་སླེབས་དུས་བོད་མི་གང་མང་མང་འཛུལ་ཞུགས་གནང་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་དང༌། ཆེད་མངག་གི་བདེན་པའི་མེ་ལྕེ་བསྣམ་ཕེབས་མཁན་ཚོ་ལའང་གང་ཅིའི་ཐོག་ནས་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། མཐའ་དོན། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་བ་འགྲུབ་པར་ང་ཚོ་ཚང་མས་སྐུ་ལས་བསྐྱོན་དགོས་ལ། བཀའ་ཤག་གི་ངོས་ནས་ཀྱང་སྐུ་ལས་བསྐྱོན་རྒྱུ་ཡིན་ཞེས་གསུངས་སོང༌།
དེ་རྗེས་བོད་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་བཤད་དོན། སྤྱིར་བཏང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད་ཀྱང༌། བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་དུ་ང་ཚོ་སྐྱབས་བཅོལ་ལ་ཡོང་དགོས་པའི་རྒྱུ་མཚན་སོགས་ལ་བསམ་ཏེ། ང་ཚོ་བོད་མི་རིགས་ཀྱི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ཞིག་མ་འཐོབ་བར་དུ། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་ནང་ལོགས་དང་རྒྱལ་སྤྱིའི་ཐོག་གང་ཐུབ་ཅི་ཐུབ་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ལ། དེ་བཞིན་ད་ལྟ་འགྲོ་བཞིན་པའི་གཞི་རྒྱ་ཆེ་བའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལྟ་བུ་ཞིག་ཡིན་ནའང༌། ཟླ་བ་མང་པོར་གོ་བསྡུར་དང་ལས་རིམ་བང་སྒྲིག་པ་སོགས་གནང་བཞིན་པ་རེད་ཅེས་དང༌།
ཡང་ཁོང་གིས་ལས་འགུལ་འདིའི་རེ་བ་ག་རེ་ཡིན་པའི་སྐོར་ལ་གསུངས་རྒྱུར། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་ལོགས་ལ་ལབ་གླེང་མང་པོ་ཡོད་པ་རེད། ལས་འགུལ་སྤེལ་བ་ཡིན་ན། འདི་བྱས་འདུག་དེ་བྱས་འདུག་ཅེས་མང་པོ་བཤད་ཀྱི་ཡོད་པ་དང༌། ཡང་ལས་འགུལ་མ་སྤེལ་བ་ཡིན་ན། ལས་འགུལ་སྤེལ་གྱི་མི་འདུག་ཅེས་མང་པོ་བཤད་ཀྱི་ཡོད་པ་རེད། གཞན་གྱིས་ཅི་བཤད་ཀྱང་ང་རང་ཚོའི་འགན་ང་རང་ཚོས་འཁུར་དགོས་ཀྱི་ཡོད་དུས། ལས་འགུལ་འདི་འདྲ་དུས་ཡུན་རིང་པོ་ཞིག་དང་གཞི་རྒྱ་ཆེན་པོ་ཞིག་ཕལ་ཆེར་དེ་སྔོན་བྱུང་ཨེ་ཡོད་བསམ་གྱི་ཡོད། ཐེངས་འདིའི་ལས་འགུལ་དེ་བོད་མི་གནས་སྡོད་ཁུལ་ཡོད་དོ་ཅོག་ལ་སྐོར་སྐྱོད་གནང་རྒྱུ་ཡིན་ལ། བོད་མི་ཚང་མ་མཉམ་ཞུགས་བྱེད་པའི་གོ་སྐབས་ཤིག་བསྐྲུན་གྱི་ཡོད་ཅེས་སོགས་གསུངས་སོང༌།
མཛད་སྒོ་གྲོལ་རྗེས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་མི་མང་ལ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཚན་རྟགས་བསྡུ་རུབ་དབུ་འཛུགས་གནང་སོང་བ་དང༌། སང་ཉིན་ཉིན་གང་ལ་ལས་བྱེད་ཚོར་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་འདུག དེ་རྗེས་པཱ་ལམ་པོར་དང་སྤིར། མི་ན་ལི་སོགས་སུ་སྐོར་སྐྱོད་གནང་རྒྱུ་དང༌། ཟླ་འདིའི་ཕྱི་ཚེས་༢༨ཉིན། རྒྱ་གར་གྱི་ཁྲིམས་རྩོད་པ་༢༠ལྷག་གིས་བདེན་པའི་མེ་ལྕེ་སྐོར་སྐྱོད་གནང་རྒྱུ་ཡིན་འདུག
བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་འདི་བཞིན་རྒྱ་གར་ནང་ལོགས་ཀྱི་བོད་མི་གནས་སྡོད་ཁུལ་གྱི་གྲོང་དང་གྲོང་ཁྱེར་ཙམ་མ་ཟད། འདི་ལོའི་ཕྱི་ཟླ་༩ཚེས་༢མང་གཙོའི་དུས་ཆེན་དང་སྟབས་བསྟུན་ནས་བྱང་ཨ་རི་དང་ཡོ་རོབ་ཀྱི་ནང་དུའང་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་ལ། དྲ་རྒྱའི་ཁ་བྱང་http://www.thepetitionsite.com/takeaction/198/920/082/བརྒྱུད་ནས་ཡང་མཚན་རྟགས་བསྡུ་རུབ་གནང་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།

གསར་འགྱུར། 

