རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༤ཉིན། སུད་སིའི་གྲོང་ཁྱེར་ཇེ་ནིང་ཝའི་ནང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར། བསམ་ཚུལ་འཆད་ཉན་གྱི་ཚོགས་འདུ་ཞིག་གི་ཐོག སྤྱིར་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་མིར་གནས་ཚུལ་འདྲ་མིན་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ནང༌། དམིགས་བསམ་བོད་མི་ཤེས་ཡོན་ཅན་ལ་སྡང་ཟུག་ཆེན་པོ་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༠༨ལོར་རྒྱ་ནག་ཏུ་པེ་ཅིང་ཨོ་རྩལ་འགྲན་ཚོགས་རྗེས། བོད་ནང་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པར་དགེ་འདུན་པ་དང༌། མི་སྐྱ། བུད་མེད་བཅས་ཀྱིས་འདུས་པའི་བོད་མི་ཤེས་ཡོན་ཅན་༢༤ཙམ་ལ། ཟླ་བ་འགའ་ཤས་ནས་ཚེ་བཙོན་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང༌། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་ནང་དུ་བོད་མིར་དམིགས་འབེབས་བཟུང་ཡུལ་ནི། རྩོམ་པ་པོ་དང༌། དྲ་རྒྱར་ཟིན་བྲིས་པ། གཞས་པ། དགེ་རྒན། གློག་བརྙན་བཟོ་སྐྲུན་པ། ཁོར་ཡུག་སྲུང་སྐྱོབ་པ་བཅས་ཆགས་ཡོད།
ཟླ་འདིའི་ཕྱི་ཚེས་༢ཉིན་སུད་སིའི་གྲོང་ཁྱེར་ཇེ་ནིང་ཝའི་ནང་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྐུ་ངོ་ཚེ་བསྟན་བསམ་འགྲུབ་ལགས་ཀྱིས། རྒྱ་ནག་གི་དམ་དྲག་བཙན་གནོན་འོག་ཡོད་པའི་བོད་མི་ཤེས་ཡོན་ཅན་མི་གྲངས་༦༤ཡི་གནས་ཚུལ་ཞིབ་ཕྲ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ལྷན་ཚོགས་སུ་སྙན་སྒྲོན་ཞུས་འདུག་པ་དང༌། བོད་མི་དེ་དག་ཐེ་བའི་ཁོང་ཚོ་ནང་མི་བཅས་ལའང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དགོས་ངེས་ཀྱིས་ནུས་པ་འདོན་དགོས་པའི་རེ་སྐུལ་ཞུས་འདུག
དམིགས་བསལ་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྟབས། རྒྱ་ནག་གུང་ཁྲན་ཏང་གི་སྲིད་བྱུས་འོག་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་རྣམས་ལ། དགོས་ངེས་ཀྱི་ཤེས་ཡོན་དང༌། འདུ་འཛོམས། སྨྲ་བརྗོད་རང་དབང་མེད་པར་བཀག་འགོག་དང་ཁོང་ཚོར་དམ་དྲག་བཙོན་འཇུག་བྱེད་ཀྱིན་ཡོད་པ་རེད།
ཕྱི་ལོ་༢༠༠༨ལོར་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུ་པ་རང་ལོ་༤༡ཡིན་པ་དབང་འདུས་ལགས་ལ། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང༌། དབང་འདུས་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་སྨན་བཅོས་ཉམས་ཞིབ་ཚོགས་པའི་ HIV/AIDS སྔོན་འགོག་ལས་གཞིའི་ཐོག་ཕྱག་ལས་གནང་བཞིན་ཡོད་འདུག
དེ་བཞིན་བོད་ཀྱི་སྲོལ་རྒྱུན་རི་མོ་བ་དཔལ་འབྱོར་ནོར་བུ་ལགས་ཕྱི་ལོ་༢༠༠༨ཟླ་༡༠ཚེས་༣༡ཉིན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་ལོ་༧གྱི་ཁྲིམས་ཐག་བཅད་པ་དང༌། ཁོང་དགུང་ལོ་༨༡ཡིན་པ་དང༌། ཁོང་གི་ནང་མི་ཚོས་ལྷ་སའི་བར་སྐོར་ནང་དུ་ཆོས་དཔེ་པར་སྐྲུན་གྱི་ཚོང་ལས་གཉེར་བཞིན་ཡོད་པ་རེད།
ད་ལྟའི་བར་རྒྱ་གཞུང་གིས་བོད་རིགས་ཤེས་ཡོན་ཅན་༡༢ཙམ་འཛིན་བཟུང་བཀག་ཉར་གྱིས་མནར་གཅོད་ཡ་ང་བ་བཏང་ཏེ། སྲོག་ཉེན་ལ་ཐུག་སྐབས་ནང་མིར་རྩིས་སྤྲོད་བཏང་ཡོད་པ་དང༌། དེ་བཞིན་བོད་རིགས་རྩོམ་པ་པོ་དང་དགེ་རྒན། བསམ་བློ་བ་སོགས་ཁྱོན་༣༧ཙམ་གར་ཡོད་ཅི་བྱུང་མེད་པར་གྱུར་བ་དང༌། འགའ་རེ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་སོགས་བོད་རིགས་ཤེས་ཡོན་པ་ཚོར་དཀའ་ངལ་རབས་དང་རིམ་པར་འཕྲད་ཀྱི་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༦པའི་ཚེས་༡༢ཉིན། ཡོ་རོབ་ཆེས་མཐོའི་ཕྱི་འབྲེལ་སྐུ་ཚབ་ལྕམ་ཁཱ་ཊིར་རིན་ཨེ་ཤི་ཊོན་ (Catherine Ashton) ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་དུ་བོད་དོན་གླེང་སློང་གནང་སྐབས། འདས་པའི་མི་ལོ་༣ཙམ་གྱི་རིང་བོད་ནང་དུ་ཤེས་ཡོན་པ་དང་བསམ་བློ་བ་འཛིན་བཟུང་བཙོན་འཇུག་བྱས་པའི་གྲངས་འབོར་མུ་མཐུད་ནས་འཕར་བཞིན་ཡོད་པས། རྒྱ་གཞུང་གིས་བོད་མིའི་ངོ་བོ་དང་རང་དབང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེན་པོ་ཡོད་ལ། ལྷག་པར་དུ་བོད་མི་མང་པོས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་བཏང་བ་སོགས་ལ་ཧ་ཅང་བློ་ཕམ་དང་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

གསར་འགྱུར། 

