རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༦ཉིན། ཉེ་ཆར་རྒྱ་གར་བྱང་ཤར་མངའ་སྡེའི་ཨ་སམ་ནང་བྱུང་བའི་ཆོས་ལུགས་དབར་གྱི་དྲག་པོའི་འཁྲུག་འཛིང་ཐད་༧གོང་ས་མཆོག་ནས་ཐུགས་འཚབ་ཀྱི་རྣམ་པ་ཆེན་པོ་སྟོན་གནང་མཛད་པ་དང་ཆབས་ཅིག དཀའ་རྙོག་དེ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་དགོས་པའི་ལམ་སྟོན་མཛད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཇ་མུ་བརྒྱུད་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་སྐབས་ཇ་མུར་གསར་འགོད་པ་ཁག་གཅིག་གིས་མགོན་པོ་གང་ཉིད་ལ་ཨ་སམ་ནང་བྱུང་བའི་ཆོས་ལུགས་ཕན་ཚུན་དབར་གྱི་འཁྲུག་འཛིང་གི་གནད་དོན་སོགས་ཀྱི་དྲི་བར་༧གོང་ས་མཆོག་གིས་བཀའ་ལན་སྩལ་དོན།
ཨ་སམ་ཁུལ་དུ་བྱུང་བའི་ཆོས་ལུགས་ཕན་ཚུན་དབར་གྱི་གནད་དོན་དེ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། ངོས་ཀྱིས་མི་ཚེ་ཧྲིལ་པོ་དེའི་རིང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་ཡོང་ཆེད་དཀའ་ལས་བརྒྱབ་དང་རྒྱག་མུས་ཡིན། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལྷག་པར་ཆོས་ལུགས་འདྲ་མིན་ཕན་ཚུན་ཞི་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་ལྟར། རྒྱ་གར་ངོས་ནས་སྤོབས་པ་ཆེར་སྐྱེད་ཀྱིས་དེ་དག་དམ་འཛིན་བྱེད་དགོས་ཞེས་བཀའ་ལན་སྩལ་ཡོད་འདུག

གསར་འགྱུར། 

