རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༩ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གལ་སྲིད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཀྱི་སྲིད་བྱུས་མཚམས་འཇོག་བྱས་ཚེ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་མེད་ཅེས་གསུངས་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦རེས་གཟའ་པ་སངས་ཉིན་ཨི་ཊ་ལའི་བྱང་ཕྱོགས་Torino ཊོ་རི་ནོའི་གྲོང་ཁྱེར་ཕེ་མོན་ཊེ་ Piemonte ཡི་ས་གནས་གྲོས་ཚོགས་ཁང་དུ་ཕེབས་སྐབས་གྲོས་ཚོགས་ཁང་དེས་སྲིད་སྐྱོང་མཆོག་ལ་གུས་འདུད་མཚོན་ཆེད་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཅས་བཏང་འདུག་པ་དང་། དེ་ནས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དང་། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ངོ་སྤྲོད་གནང་དོན།
རྒྱ་ནག་གཞུང་གིས་རྒྱུན་དུ་བོད་མིའི་ཐོག་དམ་བསྒྲགས་ཀྱི་སྲིད་བྱུས་དེའི་འོག བོད་མི་ཚོར་ཞིའི་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་ཙམ་ཡང་བྱ་རྒྱུའི་ཐོབ་ཐང་མེད་སྟབས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ཆགས་པ་རེད། གལ་སྲིད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་བྱུས་དེ་མཚམས་འཇོག་བྱས་ཚེ། དེ་ནས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་གང་ཡང་མེད།
བོད་མིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ནི། བོད་ནང་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་དེའི་འོག བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་དང་། དམ་བསྒྲགས། ཁོར་ཡུག་གཏོར་བཤིག རིག་གཞུང་བཤུ་གཞོག་བཅས། མདོར་ན་བོད་དེ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་དེ་ལ་ཐུག་ཡོད་ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་ཊོ་རི་ནོ་ས་གནས་གྲོས་ཚོགས་ལྷན་ཁང་གི་འཐུས་མི་རྣམས་ལ་ངས་ཁྱེད་རྣམ་པར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད་པ་ནི། ཁྱེད་རྣམ་པས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ལམ་ནས་སེལ་དགོས་པའི་རེ་འདུན་འདོན་རོགས་ཞུ་རྒྱུ་ཡིན་ལ། རྒྱུན་དུ་རྣམ་པ་ཚོས་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

གསར་འགྱུར། 

