རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༣༡ཉིན། ཀོ་རི་ཡའི་བླ་ཆེན་མཆོག་གིས་གསུང་ཆོས་ཞུ་རུ་ཡོང་བའི་ཀོ་རི་ཡའི་དད་ལྡན་རྣམས་ཕྱིར་རང་ཡུལ་དུ་ལོག་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གང་གནང་བ་རྣམས་ཉམས་ལེན་བྱེད་ཐུབ་པའི་འབོད་སྐུལ་གནང་སོང་། ཕྱི་ཚེས་༣༠ཉིན། ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་དད་ལྡན་རྣམས་ལ་དབུ་མ་རྩ་བ་ཤེས་རབ་མུ་མཐུད་དེ་བཀའ་ཁྲིད་གནང་ཡོད་པ་དང་། ༧མགོན་པོ་གང་ཉིད་ཀྱིས་རྟེན་འབྱུང་གི་དོན་བཀའ་འགྲེལ་གནང་བའི་སྐབས་སུ་གསུངས་དོན། རྟེན་འབྱུང་ཟེར་དུས་ཡོད་བསྡད་པ་ཞིག་དང་ཡོད་སྟངས་དེ་ཕར་བཙལ་ནས་འགྲོ་བའི་སྐབས་སུ། ལྟོས་ནས་གྲུབ་པ་ཁོ་ན་མ་གཏོགས་ལྟོས་མེད་རང་དབང་གིས་གྲུབ་བསྡད་པ་ཞིག་མིན་པ་ཐག་ཆོད་ཡོང་གི་འདུག དེ་ཐག་ཆོད་ཡོང་དུས་གཞི་ནས་ང་རང་ཚོས་ག་འདྲ་ཞིག་སྣང་གི་འདུག་བསམ་བློ་ཐོངས་དང་། སྣང་བ་དེ་སྣང་བ་བཞིན་དུ་གྲུབ་ཡོད་པ་ཡིན་ན། བཙལ་ནས་རྙེད་དགོས་པ་རེད་དེ་རྙེད་རྒྱུ་མེད་དུས་སྣང་བ་བཞིན་དུ་གྲུབ་མེད་པ་དེ་ཐག་ཆོད་པ་རེད། དེའི་ཕྱིར་སྣང་བ་ལྟར་དུ་བློ་ངོར་ཤར་བསྡད་པ་དེ་བློ་འཁྲུལ་བ་དང་གོམས་པའི་དབང་གིས་ཤར་བ་ཞིག་རེད་ཅེས་སོགས་གསུངས་འདུག
དེ་ཡང་འདི་གའི་གསར་འགོད་པས་ཐེངས་འདིའི་གསུང་ཆོས་ཞུ་བར་ཕེབས་པའི་ཀོ་རི་ཡའི་བླ་ཆེན་ (Venerable Jin Sunim)མཆོག་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། ང་ཚོས་དུས་ཡུན་རིང་བོ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གསུང་ཆོས་ཞུ་བར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་སོང་ལ། དུས་རྒྱུན་ནས་༧མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་གོང་འཕེལ་དུ་གཏོང་བར་ཐུགས་བརྩོན་ཆེན་པོ་གནང་བཞིན་ཡོད་པ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ནང་མིའི་བདག་འཛིན་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་ཡིན་པས། ༧མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་གྱིས་ང་ཚོའི་སྤྱི་ཚོགས་འདི་བཟང་ཕྱོགས་སུ་འགྱུར་བ་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་དང་།
ཡང་ཁོང་གིས། གསུང་ཆོས་ཞུ་རུ་ཡོང་བའི་ཀོ་རི་ཡའི་དད་ལྡན་རྣམས་ཕྱིར་རང་ཡུལ་དུ་ལོག་རྗེས། ༧མགོན་པོ་གང་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་གནང་བ་ཉམས་ལེན་བྱེད་ཐུབ་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

གསར་འགྱུར། 

