རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༠ཉིན་སྤེལ།༄༅། །ཕྱི་ཟླ་ ༦ ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཁ་པར་འབྱོར་བའི་གནས་ཚུལ་འདི་གར་འབྲེལ་ཡོད་ནས་མཁོ་སྤྲོད་བྱུང་བ་ལྟར་ན། ༢༠༠༩།༦།༧ བོད་ས་གླང་ལོའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཟིགས་ཁང་ཡོད་སར་ཁམས་ཕྱོགས་ཀྱི་ཚོང་པ་རྣམས་གཙོ་བོར་གྱུར་བའི་བོད་མི་ ༢༠༠ ཙམ་འདུ་འཛོམས་གྱིས་བོད་གོས་གོན་ཞིང༌། དངུལ་མང་པོ་བསྡུ་རུབ་བྱས་ཏེ་ལྷ་རྒྱལ་ལོ་ཟེར་བའི་འབོད་སྒྲ་སྒྲོག་བཞིན་གཙུག་ལག་ཁང་དུ་ཕྱིན་ནས་ཇོ་ཁང་ནང་མཆོད་མེ་སྤར་བ་དང༌། ཇོ་བོར་ན་བཟའ་གསོལ་བ། ཇོ་བོར་གསེར་ཞལ་གསོལ་བ་སོགས་བྱས་རྗེས་བར་སྐོར་བརྒྱུད་རང་སྐྱོང་ལྗོངས་ཀྱི་སྒོ་འགྲམ་ནས་རྩེ་པོ་ཏཱ་ལའི་མདུན་ཐང་དུ་ཕྱིན་ཞིང༌། རྒྱ་ཡིས་བསླངས་པའི་རྡོ་རིང་ལ་རྒྱབ་བསྟན་ཏེ་ཕོ་བྲང་པོ་ཏཱ་ལ་རུ་ཁ་ཕྱོགས་ནས་མི་རེས་ཁ་བཏགས་རེ་གོན་ནས་ལྷ་རྒྱལ་ལོ་ཟེར་བའི་འབོད་སྒྲ་ཤུགས་ཆེར་བསྒྲགས་པ་དང༌། དེ་རྗེས་གནས་ཆུང་གསོལ་དུ་ཕྱིན་སྐབས་རྒྱ་དམག་དྲག་ཆས་ཐོགས་པ་མང་པོས་བཀག་ཡོད་འདུག་ཅིང༌། ཡང་བསྐྱར་ཕྱིར་ལོག་གིས་ཕྱི་དྲོ་ཆུ་ཚོད་ ༤།༠༠ པ་ཙམ་ལ་ཁྲོམ་གཟིགས་ཁང་དུ་འབྱོར་བ་དང་མི་མང་དུ་ཕྱིན་ཡོད་འདུག་ཅིང་རྒྱ་དམག་གིས་བཀག་སྟེ་བོད་མི་རྣམས་ལ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་སྐད་ཆ་དྲིས་སྐབས་ཁོང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་ཆོས་ལུགས་དད་པ་རང་མོས་ཐོག་ཆོས་བྱེད་ཀྱི་ཡོད་ལུགས་བཤད་ཡོད་འདུག ཐོག་མར་རྒྱ་དམག་གིས་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག་ཀྱང༌། མཐར་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་ ༡༽པད་རྡོ་དང༌། ༢༽སྡེ་དགེ་བ་ཕུར་པ། ༣༽སྡེ་དགེ་བ་སྒྲོལ་སྐྱབས།རྡོ་སྐྱབས། ༤༽སྡེ་དགེ་བ་རྡོ་རྗེ་ཚེ་རིང༌། ༥༽སྡེ་དགེ་བ་པདྨ་དྲི་མེད། ༦༽ནང་ཆེན་བ་ཐུབ་པ་བཅས་འཛིན་བཟུང་བཀག་ཉར་གྱིས་ཁོང་རྣམས་ལ་དེ་རིང་ལས་འགུལ་འདི་འདྲ་སྤེལ་དགོས་པའི་གནད་དོན་ཇི་ཡིན་སྐོར་སྐད་ཆ་འདྲི་རྒྱུ་ཙམ་ལས་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་མིན་སྐོར་བཤད་ཡོད་འདུག བོད་མི་རྣམས་ཀྱིས་ཁོང་ཚོ་གློད་བཀྲོལ་བཏང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ནས་དགོང་མོ་ཆུ་ཚོད་ ༨།༠༠ བར་བསྒུགས་ཡོད་འདུག་ཀྱང་ཁོང་རྣམས་དེ་རིང་བར་གློད་བཀྲོལ་བཏང་ཡོད་མི་འདུག བོད་མི་རྣམས་ཀྱིས་ཁོང་ཚོ་གློད་བཀྲོལ་མ་གཏང་བ་ཡིན་ཚེ་གཞི་རྒྱ་ཆེ་བའི་འོས་ལངས་བྱ་རྒྱུ་ཡིན་སྐོར་བཤད་ཀྱི་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བཤད་གསལ་ལྟར་ན། དེ་ཉིན་ས་ག་ཟླ་བའི་ཚེས་ ༡༥ འཁེལ་ཡོད་པ་དང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཕ་རན་སིའི་གྲོང་ཁྱེར་པེ་རི་སེའི་ཡུལ་མིའི་མཚན་མཐོང་འབུལ་གྱི་ཡོད་པ་དང་སྟབས་བསྟུན་པ་ཞིག་ཡིན་སྐོར་དང༌། ད་ལན་འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི་གལ་ཆེའི་མི་སྣ་ཤ་སྟག་ཡིན་སྐོར་ཡང་བཤད་ཀྱི་འདུག་པ་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༩།༦།༩ ལ།།



གསར་འགྱུར། 


