རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༨ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་ནང༌། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས་ལུགས་ཀྱི་ངོ་རྒོལ་སྐད་འབོད་བྱས་རྐྱེན། རྒྱའི་བཙོན་འོག་ཏུ་མི་ལོ༥ལ་སྡུག་སྦྱོར་མནར་གཅོད་མྱོང་དགོས་ཐུག་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་རིང་དོན་འགྲུབ་ལགས་ཀྱིས་རང་ཉིད་རྒྱའི་བཙོན་ཁང་ནང་སྡོད་དུས་ཀྱི་མི་ཚེའི་མྱོང་གྲུབ་ངྷ་སའི་བོད་རིགས་དང་ཕྱི་གླིང་བ་ཁྱུ་ཞིག་ལ་འགྲེལ་བརྗོད་གནང་བྱུང༌།
ཕྱི་ལོ༡༩༩༥ལོར་རང་ལོ༢༢ལ་སོན་མ་ཐག་པའི་གྲྭ་བ་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཁོའི་བློས་ཐུབ་ཀྱྀ་གྲོགས་པོ་ཞིག་དང་ལྷན་དུ། བོད་ཀྱི་རྒྱལ་ས་ལྷ་སའི་སྲང་ལམ་དུ་བོད་རང་བཙན་གྱི་སྐད་འབོད་གཟེངས་སུ་བསྒྲགས་སྟབས། རྒྱ་ནག་གཞུང་གིས་ཁོ་མེས་རྒྱལ་ཁ་བྲལ་བ་དང་གསར་བརྗེ་ལ་ངོ་ལོག་རྒྱག་མཁན་ཡིན་པའི་ཉེས་འཛུགས་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
མཐའ་བཞི་རྩིག་གྱང་གིས་བསྐོར་པའི་རྒྱའི་བཙོན་ཁང་དུ། གྲྭ་བ་ཚེ་རིང་དོན་འགྲུབ་ལགས་ཀྱིས་རྒྱབ་ལ་བཙོན་ཆས་ཧྲལ་ཧྲིལ་དང་ཁ་ལ་ཊིན་མོ་དང་ཆུ་ཚ་བོ་ལས་མེད་པའི་བཙོན་ལྟོ་ངན་ངོན་ཟས་ཏེ་དཀའ་སྡུག་ཆེ་བའི་བཙོན་མའི་འཚོ་བ་སྐྱེལ་འགོ་ཚུགས། ཁོང་གིས་རྒྱའི་བཙོན་ཁང་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་བཙོན་མ་དག་གིས་ཉིན་རྟག་པར་དཀའ་ཚད་ཆེ་བའི་ལུས་རྩལ་སྦྱོངས་བརྡར་བྱེད་དགོས་སྐོར་དཔེར་དྲངས་དོན། དབྱར་ཚ་སྡུག་ཤིན་ཏུ་ཆེ་དུས་སུ། ང་ཚོ་ཉི་མ་ཚ་བའི་འོག་ཏུ་དུས་ཡུན་རིང་པོར་ཡར་ལངས་དགོས་ཤིང༌། གལ་སྲིད་ཁྲག་ཚད་མཐོ་བོའམ་ལུས་སྟོབས་ཞན་པའི་བཙོན་མའི་རིགས་དྲན་མེད་དུ་བརྒྱལ་ཚེ། རྒྱའི་བཙོན་སྲུང་དམག་མིས་གཅར་རྡུང་དྲག་པོ་བྱེད། ཅེས་ཟེར།
གཞན་ཡང་རྒྱ་གཞུང་གིས་རྒྱའི་བཙོན་ཁང་ནང་གི་བོད་རིགས་བཙོན་མ་ཚོར་བསམ་བློ་བཅོས་བསྒྱུར་རམ་ཀླད་པ་འཁྲུད་བཤལ་གྱི་སློབ་གསོའི་རིགས་སྟེ། རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་དང་འཁྱོག་བརྗོད་བྱས་ཡོད་པའི་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་སོགས་སློབ་ཁྲིད་བྱེད་བཞིན་ཡོད་འདུག། ཁོང་གིས་མུ་མཐུད་དུ་བརྗོད་དོན། དེ་སྔ་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱེད་དུས་རྒྱ་རིགས་དམངས་ཚོགས་ལ་བཙན་གནོན་བརྙས་བཅོས་ཚད་མེད་སྤྲད་ཡོད་ཚུལ་རྒྱའི་བཙོན་སྲུང་དམག་གིས་ང་ཚོར་འགྲེལ་བརྗོད་བྱེད་ཞོར། བོད་མི་རིགས་ཀྱིས་སྡུག་ངལ་ཞེས་པ་ཆ་རྒྱུས་ཡག་པོ་མི་འདུག་ཅེས་སྡུག་དམོད་དང་རྡུང་རྡེག་བྱེད། ཞེས་བརྗོད་བྱུང༌།
ཕྱི་ལོ༢༠༠ལོར་ཚེ་རིང་ལགས་བཙོན་བཀྲོལ་ཐོབ་སྟེ། ཚོང་ལས་གཉེར་ནས་འཚོ་ཐབས་སྒྲིག་རྩིས་བྱས་ཀྱང༌། ཁོ་ལ་ཆབ་སྲིད་ཀྱི་ཐོབ་ཐང་མེད་ཁར། སྒེར་གྱི་འགྲོ་འདུག་ཉལ་གསུམ་ལ་རྒྱ་གཞུང་གིས་སྔར་བཞིན་མྱུལ་ཞིབ་དང་སྟངས་འཛིན་བྱས་ཏེ་འཚོ་བར་བརྡབ་གསུག་གང་མང་སྤྲད་སྟབས། ཕྱི་ལོ༢༠༠༦ལོར་ཁོས་བློ་ཐག་གཙང་བཅད་ཀྱིས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ཞིང༌། ད་ལྟ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་འདུག



གསར་འགྱུར། 


