རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༧ཉིན། བོད་ནང་གཏེར་ཁ་བསྡོག་འདོན་བྱེད་མཁན་རྒྱ་མི་སླེབས་སྐབས་ས་གནས་མི་མང་གིས་གཏེར་ཁ་བསྡོག་འདོན་བྱེད་ཚེ། ས་གནས་དེའི་ཁོར་ཡུག་དང་ཡུལ་སྲོལ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་སྐོར་སོགས་ངོ་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་འདུག
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་མཆོད་རྟེན་ཤང་ནང་ཟླ་བ་འགའ་ཤས་ཀྱི་གོང་ལ་གཏེར་ཁ་བསྡོག་འདོན་བྱེད་མཁན་རྒྱ་མི་སླེབས་སྐབས། ས་གནས་མི་མང་གིས་གཏེར་ཁ་བསྡོག་འདོན་བྱེད་ཚེ། ས་གནས་དེའི་ཁོར་ཡུག་དང་ཡུལ་སྲོལ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་སྐོར་སོགས་ངོ་རྒོལ་བྱས་པར་རྒྱ་མིས་གཏེར་ཁ་བསྡོག་འདོན་བྱ་རྒྱུ་རེ་ཞིག་མཚམས་འཇོག་བྱས་འདུག
འོན་ཀྱང་ཕྱི་ཟླ་བརྒྱད་པའི་ཚེས་༡༤ཉིན་ཏེ་གཟའ་མིག་དམར་ཉིན་ཡང་བསྐྱར་ས་གནས་དེར་རྒྱ་མི་གཏེར་ཁ་བསྡོག་འདོན་བྱེད་མཁན་སླེབས་པར། ཁ་སང་ཕྱི་ཚེས་༡༥ སྔ་དྲོར་ས་གནས་བོད་མི་སྟོང་ཕྲག་ལྷག་གིས་རྒྱ་མིས་གཏེར་ཁ་བསྡོག་འདོན་འགོག་ཐབས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་ཡོང་ནས་བོད་མིའི་ཐོག་མེ་མདའ་གང་བྱུང་བརྒྱབ་པའི་རྐྱེན་གྱིས་བོད་པའི་གཞོན་སྐྱེས་ཤིག་རྐྱེན་ལམ་དུ་བཏང་བ་དང་། སྐབས་དེར་བོད་མི་གཞན་དྲུག་ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

གསར་འགྱུར། 

