རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༨ཉིན། རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་གྲྭ་བློ་བཟང་སེང་གེ རང་ལོ་ ༡༩ ཡས་མས་ཅན་དང༌། ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་གྲྭ་ཡར་འཕེལ། རང་ལོ་ ༡༨ ཡས་མས། ཚོ་བདུན་ཞང་མཁར་དགུ་སྡེ་བའི་གྲྭ་རྣམ་སྲས། རང་ལོ་ ༡༨ ཡས་མས་ཡིན་པ་བཅས་འདི་ཟླའི་ཚེས་ ༡༢ ཉིན་གྱི་མཚན་མོ་དགོན་པའི་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཤིང༌། ད་བར་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད།
ཁོང་གསུམ་ནི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང༌། བློ་བཟང་སེང་གེ་དང་རྣམ་སྲས་གཉིས་འཛིན་གྲྭ་ཁ་ཏོག་གོང་མ་དང༌། ཡར་འཕེལ་འཛིན་གྲྭ་རྟགས་རིགས་ཡིན་འདུག དེ་བཞིན་རྔ་པ་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་ནས་ཡིན་པའི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཐུབ་དབང་བསྟན་འཛིན། རང་ལོ་ ༢༠ ཙམ་དང་། འཛིན་གྲྭ་གཞུང་གསར་ཡིན་པ་ཁོང་དང༌། ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་གྲྭ་ཨ་སྲུང༌། རང་ལོ་ ༢༢། འཛིན་གྲྭ་དགེ་འདུན་ཉི་ཤུ་ཡིན་པ་ཁོང་གཉིས་འདི་ཟླའི་ཚེས་ ༡༦ གི་མཚན་མོའི་དུས་ཚོད་ ༤ ཙམ་ལ་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཡོད་ཀྱང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་ཁ་བྱུང་མེད།
དེ་སྔོན་ཚོ་བདུན་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བསྟན་པ་དར་རྒྱས་དང༌། འཆི་མེད་དཔལ་ལྡན། བློ་བཟང་བློ་འཛིན་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་ལ་འདི་ཟླའི་ཕྱི་ཚེས་ ༡༣ ཙམ་ནས་མཚན་མོ་རྟག་པར་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཤག་རེ་རེ་བཞིན་ཉེན་རྟོག་པ་མང་པོས་མེ་མདའ་སོགས་ལག་ཆ་འདྲ་མིན་བཟུང་ནས་ཉུལ་ཞིབ་བྱས་ཏེ་དགེ་འདུན་པ་རྣམས་ལ་གཅར་རྡུང་དང་འདྲི་རྩད་སྣ་ཚོགས་བྱས་དང་བྱེད་མུས་ཡིན་འདུག་པའི་ཧ་ཅང་ཛ་དྲག་གི་གནས་སྟངས་སུ་གྱུར་ཡོད་ལ། གནས་ཚུལ་འགྲེལ་བརྗོད་པས་བཤད་ན། གོང་གསལ་དགེ་འདུན་པ་དག་ཀྱང་དེ་སྔོན་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པའི་གླེང་སློང་ཡོང་གི་ཡོད་ཀྱང༌། དོན་དངོས་ཐོག་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཤེས་རྟོགས་ཐུབ་མེད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།

གསར་འགྱུར། 

