རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༡ཉིན། ཉེ་ཆར་གཙོད་དགའ་ལྡན་ཆོས་གླིང་གི་དགེ་འདུན་པ་བཞི་སྔ་གཞུག་ཏུ་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བྱེད་ལྷ་ཆབ་སྤྱིན་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༨པའི་༧ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་དགོན་པའི་ཉེ་འགྲམ་དུ་རྒྱལ་གཅེས་དཔའ་མོ་སྒྲོན་དཀར་འཚོ་ལགས་ཀྱིས། རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བའི་ཕྱི་ཉིན། གནས་ཚུལ་ཕྱི་རུ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་རྒྱ་གཞུང་གིས་གཙོད་དགའ་ལྡན་ཆོས་གླིང་གི་རང་ལོ་༣༠ཡས་མས་ཡིན་པ་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་དང་། རང་ལོ་༤༠ལྷག་ཡིན་པ་བརྩོན་འགྲུས་དང་སྟོབས་ལྡན་གཉིས། དེ་བཞིན་རང་ལོ་༣༥ཡིན་པའི་དགེ་འདུན་པ་བློ་གསལ་བཅས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གློལ་བཀྲོལ་བཏང་ཡོད་ཀྱང་། ཉེ་ཆར་རྒྱ་གཞུང་གིས་སླར་ཡང་བློ་བཟང་ཆོས་འཕེལ་ལགས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་འདུག
གཞན་ཡང་། འདི་ལོའི་ཕྱི་ཟླ་༡༠ཚེས་༡༣ཉིན་བོད་མདོ་སྨད་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཏེ་སྐུ་གྲོངས་ནས་ཉིན་འགའི་རྗེས་ཀྱི་མཚན་མོ་ཞིག་ལ། རྒྱ་གཞུང་ཉེན་རྟོག་པས་ཡང་བསྐྱར་གཙོད་དགའ་ལྡན་ཆོས་གླིང་གི་དགེ་འདུན་པ་བརྩོན་འགྲུས་དང་སྟོབས་ལྡན། བློ་གསལ་བཅས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཤེས་རྟོགས་མེད་པར་ལྷག་འདུག

གསར་འགྱུར། 

