བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་ས་རྟགས་བསྡུ་འགོད་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དང༌། མི་མང་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད། བོད་དོན་ཞུ་སྙན་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང༌། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁང་སོ་སོར་ ཉིན་བརྒྱ་དུས་གཅིག་ཏུ་འབུལ་ལམ་ཞུ་རྒྱུའི་དགོས་འདུན་ཁག་ནི།༡༽ ཕྱི་ལོ་ ༡༩༥༩ དང༌། ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
༢༽ བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།
http://www.thepetitionsite.com/takeaction/198/920/082/
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༤ ལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༢༤ཉིན།

གསར་འགྱུར། 

