རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༨ཉིན། ན་ནིང་ཕྱི་ཟླ་༡༡པའི་ཚེས་༡༠ཉིན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་བུ་ཕྲུག་ལགས་ལ་འདི་གའི་གསར་འགོད་པ་སུའི་ཧྥེ་ཡ་ལགས་ཀྱིས་བཅར་འདྲི་བྱས་ཡོད།
དགུང་ལོ་༤༥ཡིན་པའི་བུ་ཕྲུག་ལགས་ཀྱིས་གསུངས་རྒྱུར། རྒྱ་གཞུང་གི་ངན་སྐུལ་འོག ཕྱི་ལོ་༢༠༠༨ལོ་ནས་བཟུང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་དང་བལ་ཡུལ་བོད་རིགས་སྐྱབས་བཅོལ་བ་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཚང་མར་བལ་གཞུང་གིས་དམ་དྲག་དང་བཙན་གནོན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ནང་ལྟ་བུ་ཞིག་ལ་མཚོན་ན། སོ་སོའི་ཆོས་ཉམས་ལེན་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། ཐ་ན་༧གོང་ས་མཆོག་གི་སྐུ་པར་ཡང་བཤམ་ཆོག་གི་ཡོད་པ་མ་རེད།
ན་ནིང་ཕྱི་ཟླ་༡༠ཚེས་༡༩ཉིན། བལ་ཡུལ་དུ་ཡོད་པའི་བོད་རིགས་ཚོས་ཞི་བའི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་ཀྱང་བལ་གཞུང་གི་ཆོག་མཆན་མ་རག་པ་རེད། དེར་བརྟེན་སེར་སྐྱ་མི་མང་གིས་མར་མེའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། མར་མེའི་ཁྲོམ་སྐོར་དེ་བལ་ཡུལ་བོད་རིགས་གནས་སྡོད་ཁུལ་ཚང་མ་ནས་སྤེལ་ཐུབ་ཡོད་པ་རེད། གཞིས་ལུས་བོད་མི་ཚོ་དང་བལ་ཡུལ་དུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོས་དཀའ་སྡུག་དང་བཙན་གནོན་ག་འདྲ་མྱོང་བཞིན་ཡོད་པ་དེ་ཚོ་མཐོང་དུས་ང་རང་སེམས་པ་ཞེ་དྲག་སྐྱོ་བྱུང་བས། ཚེས་༡༠ཉིན། ངས་བོད་རིགས་མི་མང་གི་སྡུག་བསྔལ་དེ་ཀུན་གྱིས་ཤེས་རྟོགས་ཡོང་ཆེད་རང་ལུས་མེར་བསྲེག་གཏོང་བའི་ཐབས་ལམ་དེ་བདམས་པ་ཡིན་ཞེས་དང༌།
ཡང་ཁོང་གིས་མུ་མཐུད་དུ་གསུངས་དོན། སྔར་ཉིན་དེར་སྡོད་ཁང་རྩིས་སྤྲད་པ་དང་ས་སྣུམ་ཉོ་བ་སོགས་གྲ་སྒྲིག་ཆ་ཚང་བྱས་པ་ཡིན། ཚེས་༡༠ཉིན་གྱི་ཞོགས་པར་ཆུ་ཚོད་༦ཡས་མས་སུ་ཡར་ལངས་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་བ་གསུམ་བྱས་ཏེ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་བོད་ལ་རང་དབང་གི་ཉི་མ་མྱུར་ཏུ་འཆར་བ་དང༌། ང་རང་བོད་ཀྱི་ཆེས་མཐའ་མཇུག་གི་རང་ལུས་མེར་བསྲེགས་གཏོང་མཁན་དེ་ཡིན་པའི་སྨོན་ལམ་བརྒྱབ་རྗེས། ཕྱིར་རང་ཁྱིམ་དུ་ལོག་ནས་ས་སྣུམ་དང་བོད་དར་གཅིག་འཁྱེར། བོད་དར་ཡོད་པའི་ཞ་མོ་ཞིག་གྱོན་ཏེ་མཆོད་རྟེན་འགྲམ་གྱི་མཆོད་མེ་ཕུལ་ས་རུ་སོང་ནས་རང་ལུས་ལ་མེ་སྤར་ནས་༼བོད་ལ་རང་དབང་དགོས་༽༼༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག༽ཅེས་སྐད་འབོད་བྱས་པ་ཡིན། ཅུང་ཙམ་ནས་ངས་རང་ཉིད་ཀྱི་རྒྱབ་ཏུ་མེ་འབར་བཞིན་པ་མ་ཚོར་བས་ཡང་བསྐྱར་མཆོད་མེ་བསྒྲོན་ས་རུ་རྒྱུག་སྐབས། གཡས་གཡོན་གྱི་བོད་པ་ཚོས་རུབ་བརྒྱབ་ཏེ་མེ་བསད་པ་མ་ཟད། ཉེན་རྟོག་པའི་ལག་ཏུ་ཐེབས་ན་གནད་དོན་ཆེན་པོ་འབྱུང་ངེས་རེད་ཅེས་ཡང་བསྐྱར་མེ་བསྒྲོན་མ་བཅུག་པས་བློ་ཕམ་ཞེ་དྲག་བྱུང༌།
དེ་རྗེས་བོད་པ་ཚོས་ང་ལ་དཀྱུས་མའི་ལྭ་བ་གྱོན་བཅུག་ནས་སྨན་ཁང་དུ་སྐྱེལ་རྩིས་བྱེད་སྐབས། གྲོགས་པོ་ཞིག་གི་ཁ་པར་ཐོན་ནས་སྨན་ཁང་དུ་མ་འགྲོ་མ་གཏོགས་བལ་པོའི་ཉེན་རྟོག་པས་རྒྱལ་ས་ཁུལ་གྱི་སྨན་ཁང་ཚང་མའི་ནང་དུ་འཚོལ་བཞིན་འདུག་ཅེས་བརྗོད་བྱུང་བས། དེ་ནས་བོད་རིགས་སྨན་པ་ཞིག་གིས་ཉིན་གསུམ་རིང་ང་ལ་སྨན་བཅོས་བྱས་པ་དང༌། ཉེན་རྟོག་པས་གང་སར་འཚོལ་ཞིབ་བྱེད་བཞིན་ཡོད་པས་མཚན་མོ་རེ་རེར་སྡོད་གནས་བརྗེ་སྤོར་བྱས་ནས་བསྡད་པ་ཡིན། ཉིན་གསུམ་གྱི་རྗེས་སུ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་ཡིན་ཞེས་གསུངས་འདུག
རྒྱ་གར་དུ་ཇི་ལྟར་བྲོས་བྱོལ་དུ་ཡོང་བའི་སྐོར་ལ་ཁོང་གིས། ས་མཚམས་བར་དུ་སྦག་སྦག་དང་རླངས་འཁོར་སྟབས་གང་འགྲིག་གིས་ཡོང་བ་དང༌། ལམ་བར་དུ་བལ་ཡུལ་ཉེན་རྟོག་པ་མང་པོས་རླངས་འཁོར་ཚང་མར་ཞིབ་བཤེར་བྱེད་བཞིན་ཡོད་པས། ཉེན་རྟོག་པ་ཞིག་གིས་ང་ལ་ཁྱེད་སུ་ཡིན་ཞེས་དྲིས་པར། ངའི་གྲོགས་པོ་ཞིག་གི་རླངས་འཁོར་ལ་ཆག་སྐྱོན་ཤོར་འདུག་པས་ཁོང་ལ་རོགས་པ་བྱེད་དུ་འགྲོ་བ་ཡིན་ཞེས་ལན་བཏབ་པ་ཡིན། དེ་ནས་བོད་པ་ཁ་ལོ་བ་ཞིག་ལ་བལ་སྒོར་༡༠༠༠སྤྲད་ནས་ཆུ་ཚོད་༧ཙམ་ལ་སོང་རྗེས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སའི་ལའི་གྷུའུ་རའི་ལ་སླེབས་པ་དང༌། དེ་ནས་ཞག་སྡོད་བྱས་ཏེ་ཕྱི་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་ནས་རྒྱ་གར་དུ་ཡོང་བ་ཡིན་ལ། བོད་ལ་རང་དབང་མ་འཐོབ་བར་དུ་ངས་མུ་མཐུད་ནས་བོད་དོན་བདེན་མཐའ་སེལ་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།