རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༤ཉིན། ཉེ་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་གཉིས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག གཟའ་འཁོར་གཉིས་ཙམ་གྱི་རིང་ཐའེ་ཝན་གྱི་སློབ་གྲྭ་ཆེན་མོ་ཁག་༥ཡི་དགེ་རྒན་༢དང་སློབ་མ་༡༦བཅས་ཁྱོན་དགེ་སློབ་༡༨ བཞུགས་སྒར་དྷ་རམ་ས་ལར་ལྟ་སྐོར་དུ་སླེབས་ཡོད་པ་དང༌། འདི་གའི་གསར་འགོད་པས། སློབ་མ་ཁག་ཅིག་ལ་དྷ་རམ་ས་ལར་ཡོང་དགོས་པའི་དམིགས་ཡུལ་དང༌། རྒྱུ་མཚན། བོད་དོན་སྐོར་གྱི་ཤེས་རྟོག འདི་གར་འབྱོར་རྗེས་ཀྱི་མྱོང་ཚོར། མ་འོངས་པར་བོད་དོན་སྐོར་ལས་འགུལ་ག་རེ་སྤེལ་རྒྱུའི་འདུན་པ་ཡོད་མེད་བཅས་ཀྱི་སྐོར་བཅར་འདྲི་ཞུས་ཡོད།ཐའེ་ཝན་རྒྱལ་ཡོངས་སྒྱུར་རྩལ་སློབ་གྲྭ་ཆེན་མོའི་སློབ་མ་ Tu Ching Wei ཐུའུ་ཁྲན་ཝིད་ཀྱིས། ང་རང་ཆེས་ཐོག་མར་འདི་འདྲའི་ལས་རིམ་ཞིག་ཡོད་སྐོར། འདི་ལོ་ཕྱི་ཟླ་༣པའི་ནང་ཐེན་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སུམ་ཅུའི་དུས་དྲན་ནང་ང་རང་མཉམ་ཞུགས་བྱས་སྐབས་གཞི་ནས་ཤེས་རྟོགས་བྱུང་སོང༌།
ང་རང་ཐོག་མར་དྷ་རམ་ས་ལར་མ་སླེབས་གོང༌། ངོས་ཀྱིས་བསམས་པར་བཙན་བྱོལ་བོད་མི་རྣམས་གནས་སྟངས་སྐྱོ་པོ་དང༌། དཀའ་ངལ་ཆེན་པོ་ཞིག་གི་འོག་ཏུ་གནས་ཡོད་ཀྱི་རེད་བསམས་སོང་ཡང༌། དོན་དངོས་ཐོག་བཙན་བྱོལ་བོད་མིའི་གནས་སྟངས་ཡག་པོ་ཡོད་པས་མ་ཚད། ཁོང་ཚོའི་རང་དབང་འཐབ་རྩོད་ཚད་མཐོ་པོར་སླེབས་འདུག་སྟབས། ངོས་ལ་བློ་སྤོབས་ཆེན་པོ་སྦྱིན་བྱུང་ཞེས་གསུངས་བྱུང༌།
ཐའེ་ཝན་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སློབ་མ་ Ko Pei Ching ཀོ་ཕིད་ཁྲན་གྱིས། ཐེངས་འདིར་ང་ཚོ་དྷ་རམ་ས་ལར་ཡོང་ནས། བཙན་བྱོལ་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་མི་དང༌། བཀའ་བློན་ཁྲི་པ། ཕྱི་དྲིལ་བཀའ་བློན་སོགས་དང་མཇལ་འཕྲད་དང༌། དེ་བཞིན་དགོན་པ་ཁག་དང༌། སློབ་གྲྭ་ཁག བོད་ཀྱི་སྨན་རྩིས་ཁང་ཐེ་བའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་གི་ནང་ལྟ་སྐོར་དུ་ཕྱིན་པ་ཡིན།
ད་དུང་ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་དང༌། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་སུ་ལྟ་སྐོར་བསྐྱོད་སྐབས། བོད་མིའི་རང་དབང་འཐབ་རྩོད་ནང༌། བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་གི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པ་བྱུང་སོང་ཞེས་གསུངས་བྱུང༌།
ཐའེ་ཝན་རྒྱལ་ཡོངས་སྤྱི་ཚོགས་རིག་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ Lin Ching Wan ལིན་ཁྲན་ཝང་གིས། ང་ཚོ་འདིར་སླེབས་ནས་བོད་ཕྲུག་ཁྱིམ་སྡེའི་ནང་ལྟ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་སློབ་མའི་གནས་སྟངས་ལ་དོ་སྣང་ཆེན་པོ་བྱུང་ལ། ལྷག་པར་སློབ་མ་ཁག་ཅིག་གིས་ཁོང་ཚོས་སློབ་སྦྱོང་བྱེད་སྟངས་དང༌། བོད་ནས་ཡོང་སྐབས་སུ་ལམ་བར་གྱི་དཀའ་སྡུག་གི་ལོ་རྒྱུས་འགྲེལ་བརྗོད་གནང་བྱུང་བས། དེ་ནི་ཆེས་དྲན་གསོ་འོས་པ་ཞིག་རེད།
འདི་ལྟ་བུའི་ལས་རིམ་དེས་མཐོང་རྒྱ་ཇེ་ཆེར་གཏོང་བ་མ་ཟད། གནས་ཚུལ་གསར་པ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད་པའི་དགེ་མཚན་ཆེན་པོ་འདུག་ལ། རང་ཉིད་ཕྱིར་ཐའེ་ཝན་དུ་ལོག་རྗེས་ཀྱང༌། བོད་མིའི་རྩོ་དོན་ལ་གང་ཐུབ་རོགས་པ་བྱ་རྒྱུ་ཡིན་བསམས་པའི་ཚོར་སྣང་སླེབས་ཀྱི་འདུག་ཅེས་གསུངས་བྱུང༌།
ཡང་ཐུའུ་ཁྲན་ཝིད་ཀྱིས། ང་རང་ཕྱིར་ཐའེ་ཝན་དུ་འབྱོར་རྗེས། ང་རང་གི་གྲོགས་པོ་ཚོར་བོད་མིའི་རང་དབང་འཐབ་རྩོད་སྐོར་གླེང་མོལ་བྱ་རྒྱུའི་འགོ་བརྩམ་རྒྱུ་ཡིན་ལ། ང་རང་རྒྱ་གར་ལ་འབྱོར་ནས་བཙན་བྱོལ་བོད་མིའི་གནས་སྟངས་རང་ཉིད་ཀྱིས་དངོས་སུ་གང་མཐོང་བ་དེ་ཡིག་ཐོག་ཏུ་བཀོད་ནས། མི་མང་ལ་དགྲམ་རྒྱུ་ཡིན། དེ་ནི་ཐའེ་ཝན་མི་མང་གིས་ལོ་རྒྱུས་ཐོག་བོད་ཀྱི་གནས་སྟངས་ངོ་མ་ཇི་ཡིན་དང༌། རྒྱ་ནག་དབང་འཛིན་པས་གང་བཤད་པ་ཚང་མ་བདེན་པ་མ་ཡིན་པའི་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོག་ཆེན་པོ་ཡོད་པ་རེད་ལ། མ་འོངས་ང་རང་གི་ངོས་ནས་བོད་མིའི་རང་དབང་འཐབ་རྩོད་ཐད་ལས་འགུལ་ཞིག་ཀྱང་འགོ་བརྩམ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

དཔྱད་བརྗོད། 

