རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༩ཉིན། ཉེ་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོབས་ཆེན་ཨ་རིའི་ནང་མཛད་འཕྲིན་བསྐྱངས་བའི་སྐབས། ཨ་རིའི་ཉིའུ་ཡོག་གི་གྲོང་ཁྱེར་ Syracuse སེ་རཱ་ཁུ་སིའི་ནང་བརྟེན་གཞི་བྱས་ཡོད་པའི་ National Broadcasting Company ( NBC) རྒྱལ་ཡོངས་རྒྱང་སྒྲོག་ཁང་གི་སྙན་སྒྲོན་པ་ལྕམ་ Ann Curry ཨན་ཁུ་རེས་བཅར་འདྲི་བྱས་པའི་གནས་ཚུལ་ཞིག་ཡིན་ལ། བཅར་འདྲི་འདི་ཟླ་འདིའི་ཕྱི་ཚེས་༡༡ཉིན་བརྙན་འཕྲིན་ཐོག་ཐད་གཏོང་བྱས་ཡོད། ཨན་ཁུ་རེ། འདས་པའི་དུས་ཡུན་ལོ་ངོ་གསུམ་ཙམ་གྱི་ནང་ཁྱོན་བོད་མི་༦༠ལས་བརྒལ་བས། ཁོང་ཚོའི་ཆོས་དད་རང་དབང་དང་སྐད་ཡིག་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་ཀྱང་། རྒྱ་མི་རིགས་ཀྱི་ཕྱོགས་ནས་འགྱུར་བ་གང་ཡང་ཐེབས་མེད་སྟབས། ཁོང་ཚོའི་རང་སྲོག་བློས་གཏོང་དེར་གྲུབ་འབྲས་ཤིག་ཐོན་ཡོད་དམ།
ཏཱ་ལའི་བླ་མ། ཁོང་ཚོའི་བྱེད་ཐབས་དེའི་རིགས་ལ་ང་ཚོས་འགྲིག་པ་དང་ནོར་བ་ཞེས་ཁ་མཚོན་བཅད་མི་ཐུབ་ཀྱང་། གང་ལྟར་ཡང་ཁོང་ཚོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དེར་འཚེ་མེད་ཞི་བའི་ངོ་རྒོལ་ཐོག་ནས་མངོན་འདོད་གསལ་སྟོན་བྱས་པ་ཞིག་རེད།
ཨན་ཁུ་རེ། ཉིན་གཉིས་ཀྱི་སྔོན་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་སྐོར་དྲ་ཐོག་གི་གནས་ཚུལ་ཞིག་མཐོང་བྱུང་། གལ་སྲིད་ང་ཚོས་འདས་པའི་གནས་ཚུལ་ལ་བསམ་ཞིབ་བྱས་ཚེ་ཕམ་ཉེས་དང་། ཁོང་ཁྲོ། གདུང་བ། མིག་ཆུ་བཅས་མཐོང་མི་ཐུབ་ཀྱང་། ཁྱེད་ཚོས་ཚོར་བ་དེ་དག་ལ་འགྲེལ་བརྗོད་ཇི་ལྟར་རྒྱག་གི་ཡོད། ཁྱེད་ཀྱིས་ཁོང་ཚོའི་རང་ལུས་མེར་སྲེག་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དམ། ཡང་ན་ཁོང་ཚོའི་རང་ལུས་མེར་སྲེག་མཚམས་འཇོག་བྱ་བཅུག་རྒྱུ་ཡིན།
ཏཱ་ལའི་བླ་མ། ངོས་ཀྱིས་རྟག་ཏུ་ངོས་ནི་བོད་མིའི་རང་དབང་གི་འགྲིན་ཚབ་པ་ཞིག་ཡིན་བསམས་ཀྱི་ཡོད་པ་ལས་ངོས་ནི་ཁོང་ཚོའི་འགོ་གཙོ་ཞིག་མིན། སྤྱིར་ངའི་འགོ་གཙོ་ནི་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་པོ་དེ་ཡིན། ངོས་ནི་རང་དབང་ལུང་པའི་ནང་ཡོད་སྟབས་ཏོག་ཙམ་བག་ཕེབས་ཡིན། འོན་ཀྱང་ཁོང་ཚོས་ཧ་ཅང་གི་དཀའ་ཚེགས་ཅན་གྱི་གནས་སྟངས་ཞིག་བརྒྱུད་དགོས་ཀྱིན་ཡོད་སྟབས། ཁོང་ཚོས་ཐག་གཅོད་འདི་འདྲ་ཞིག་ལ་ཕྱིན་པ་རེད།
ཁོང་ཚོས་རང་སྲོག་བློས་གཏོང་དང་ལྷག་བསམ་རྣམ་དག་གི་བྱ་སྤྱོད་དེ་ནི་ནང་པའི་ཆོས་དང་། མིའི་བདེ་སྡུག་གི་ཆེད་དུ་ཡིན་པ་གསལ་པོ་རེད་ལ། ནང་པའམ་ཆོས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་ཀྱང་འགྲིག་པའི་བྱ་སྤྱོད་ཅིག་ཡིན། འོན་ཀྱང་གལ་སྲིད་ཁོང་ཚོའི་བྱ་སྤྱོད་དེ་ཡོངས་སུ་ཁོང་ཁྲོ་དང་སྡང་འཛིན་གྱི་དབང་དུ་སོང་ཚེ་མ་འགྲིག་པ་ཞིག་རེད། དེར་བརྟེན་དེ་ནི་མཐའ་ཅིག་ཏུ་བཟང་ངན་གྱི་འགྲེལ་བརྗོད་བྱེད་མི་ཐུབ་ཀྱང་། གང་ཡང་ལྟར་དེ་ནི་ཧ་ཅང་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད་ཅེས་གསུངས་འདུག
ཨན་ཁུ་རེ། ལོ་རྒྱུས་ལ་བལྟས་ན། གནས་ཚུལ་འགའ་ཤས་ནང་ནུས་སྟོབས་ཆུང་བས་འཐབ་རྩོད་ལ། ནུས་སྟོབས་ཆེ་བ་དེས་ནུས་སྟོབས་ཆུང་བར་འགོག་གནོན་བྱེད་ཀྱི་ཡོད།
ཏཱ་ལའི་བླ་མས། ང་ཚོས་འཐབ་རྩོད་ནང་དྲང་བདེན་གྱི་སྟོབས་ཤུགས་དང་མེ་མདའི་སྟོབས་ཤུགས་གཉིས་དབར་བསྡུར་ནས་བལྟས་པ་ཡིན་ན། དུས་ཡུན་ཐུང་ངུའི་ནང་མེ་མདའ་རྦད་དེ་སྟོབས་ཤུགས་ཆེ་བ་ཡོད། འོན་ཀྱང་དུས་ཡུན་རིང་པོ་ཞིག་ལ་བསམ་བློ་གཏོང་ཚེ་དྲང་བདེན་གྱི་སྟོབས་ཤུགས་དེ་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད། དེ་ནི་ངོས་ཀྱི་གཞི་རྩའི་ལྟ་གྲུབ་ཅིག་ཡིན།
ངོས་ཀྱིས་ཨ་རིའི་རྡུལ་ཕྲན་མཚོན་ཆ་ཐེའི་དམག་གི་སྟོབས་ཤུགས་ལ་ཡིད་སྨོན་གང་ཡང་སྐྱེ་བཞིན་མེད། འོན་ཀྱང་ཨ་རིའི་གཞི་རྩའི་རང་དབང་དང་། མང་གཙོ། གུ་ཡངས་བཅས་ལ་ངོས་རང་དངོས་གནས་ཡིད་སྨོན་སྐྱེ་བཞིན་ཡོད། དེ་དག་གི་འབྱུང་ཁུངས་ནི་ཨ་རི་སྟོབས་ཤུགས་ལས་རྡུལ་ཕྲན་གྱི་སྟོབས་ཤུགས་ལས་བྱུང་བ་ཞིག་མ་རེད་ཅེས་གསུངས་འདུག
ཨན་ཁུ་རེ། ཟླ་བ་རྗེས་མར་རྒྱ་ནག་ནང་འགྱུར་བ་ཐེབས་ནས་ཞི་ཅིན་ཕིན་འགོ་ཁྲིད་གསར་པར་སླེབས་རྒྱུ་རེད། ཁོང་ལ་རེ་བ་ག་ཚོད་ཅིག་ཡོད་དམ།
ཏཱ་ལའི་བླ་མ། དེ་ནི་ཤོད་ཁག་པོ་ཞིག་རེད། ངས་དེའི་སྐོར་ཚོད་དཔག་བྱེད་མི་ཐུབ། ཡག་ཤོས་བྱུང་ན་ཟླ་བ་༦དང་། ལོ་༡། ལོ་༢ བཅས་སྒུག་རྗེས་ད་གཟོད་ང་ཚོས་མཐོང་གི་རེད་ཅེས་ལན་འདེབས་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

དཔྱད་བརྗོད། 

