རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༩ཚེས་༦ཉིན། འདས་པའི་དུས་ཡུན་ལོ་ངོ་༦༡ཙམ་གྱི་རིང་རྒྱ་ནག་མི་མང་རྣམས་དམར་ཤོག་ཚོགས་པའི་བཙན་གནོན་འོག་གནས་ཡོད་ཀྱང༌། ད་ཆ་ཤེས་ཡོན་ཅན་དང་མི་སེར་དཀྱུས་མ་ཚོས་ཀྱང་རྒྱ་ནག་དམར་ཤོག་གཞུང་ལ་ཡི་རངས་མེད་པ་དང་མཇུག་བསྡུ་དགོས་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད། མདོར་ན་རྒྱ་ནག་མི་མང་ཚོས་དམར་ཤོག་ཚོགས་པའི་དབང་སྒྱུར་མང་དྲག་པ་དང་དུས་ཡུན་རིང་དྲག་པའི་རྣམ་འགྱུར་འོག འདི་ལོར་ཁོང་ཚོས་སོ་སོའི་རང་དབང་འཐབ་རྩོད་བྱེད་པའི་གོམ་སྟབས་གསར་པ་ཞིག་སྤོ་རྒྱུའི་གདེང་སྤོབས་སྐྱེས་ཡོད།
ཉེ་བའི་ཆར་རྒྱ་ནག་གཞུང་གི་ཆེས་མཐོའི་སློབ་སྟོན་པ་ཐེ་བའི་རྒྱ་ནག་གི་མཁས་དབང་དང་ཤེས་ཡོན་ཅན་མང་པོ་ཞིག་ལྷན་འཛོམས་བགྲོ་གླེང་ཞིག་ཚོགས་ནས། རྒྱ་ནག་དམར་ཤོག་གཞུང་རྩ་འཐོར་འགྲོ་བའི་ཉེན་འཚབ་ཆེན་པོ་ཡོད་ལུགས་ཀྱིས་ཉེན་བརྡ་ཞིག་བཏང་ཡོད།
འོན་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་སྲིད་ལུགས་མཁྲེག་འཛིན་གྱིས་བཅོས་སྒྱུར་འགྱུར་བ་གཏོང་རྒྱུར་མོས་མཐུན་མེད་ཁར། རྩ་ཁྲིམས་དང་མི་མཐུན་པའི་སྲིད་ཇུས་ལག་བསྟར་འོག འདས་པའི་དུས་ཡུན་ལོ་ངོ་༣༠ཙམ་གྱི་གོང་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་སྨྲན་བརྗོད་རང་དབང་སོགས་ལ་ཉམས་རྒུད་ཆེན་པོ་ཕྱིན་ནས་རྒྱ་ནག་གི་རྣམ་པ་བཟང་པོ་ཞིག་མངོན་རྒྱུར་ད་དུང་བར་ཐག་རིང་པོ་ལྷག་ཡོད།
བགྲོ་གླེང་ཐོག་སྔོན་མ་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གླིང་འཛིན་སྐྱོང་ཁང་གི་མཁས་དབང་ཀྲང་ཝིད་དབྱིན་གྱིས། རྩ་ཁྲིམས་ནང་གནད་དོན་གཅིག་ཁོ་ན་བསྐྱར་ཞིབ་བྱ་རྒྱུ་ནི་དོན་དམ་གྱི་སྲིད་བྱུས་ལག་ལེན་བསྟར་རྒྱུ་དེ་ཡིན་ཞིང༌། དེ་ནི་དམར་ཤོག་ཚོགས་པའི་ཡང་དག་པའི་སྣེ་ཁྲིད་ཅིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། དེང་དུས་ཀྱི་རྒྱལ་ཁབ་ཅིག་ལ་མཚོན་ན་དེ་ནི་རང་ཉིད་དང་འགལ་འདུ་ཆགས་ཡོད་ཅིང༌། འགོག་ཏུ་མེད་པའི་དེང་དུས་ཀྱི་རྣམ་པ་དེའི་འོག་ནས་ཆབ་སྲིད་བཅོས་སྒྱུར་ནི་དགོས་ངེས་ཅན་ཞིག་ཆགས་ཡོད།
དེང་དུས་ཀྱི་རྣམ་པ་དེའི་དབང་གིས་དྲ་རྒྱ་བརྒྱུད་གནས་ཚུལ་རྒྱ་ཁྱབ་ཏུ་འགྲོ་བ་དང༌། རྒྱ་མི་རིགས་མང་པོས་ཐབས་ལམ་གསར་པ་ཞིག་འཚོལ་བཞིན་ཁོང་ཚོའི་ཁོང་ཁྲོ་དང་འདོད་བློ་མ་ཁེངས་པའི་གནད་དོན་གསལ་འདོན་བྱེད་ཀྱིན་ཡོད་པ་རེད།
འདི་ལོ་ལོ་སྟོད་དུ་ཧྲང་ཧེ་དང་པེ་ཅིང་སོགས་རྒྱ་ནག་གི་གྲོང་ཁྱེར་མང་ཆེ་བའི་ནང་དྲ་བའི་བརྒྱུད་ལམ་ནས་ 'Jasmine Revolution' མེ་ཏོག་བ་སྤུ་གསར་བརྗེའི་ལས་འགུལ་སྤེལ་བ་དང༌། སྐབས་དེར་གདུག་རྩུབ་ཅན་གྱི་ཉེན་རྟོག་པས་མི་མང་གི་སྨྲ་བརྗོད་རང་དབང་དང༌། ལས་འགུལ་རང་དབང༌། འདུ་འཛོམས་རང་དབང་ཐོག་དམ་བསྒྲགས་བྱེད་པའི་ཐལ་ཆེ་བའི་ཁྲིམས་ལུགས་གསར་པ་ཞིག་ལག་བསྟར་བྱས་ཡོད།
འདི་ལོ་ཕྱི་ཟླ་༦པའི་ནང་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝིད་ཝིད་འཛིན་བཟུང་བཀག་ཉར་བྱས་པར། ཁོང་གིས་རྗེས་འགྲངས་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བརྒྱུད་ལམ་སྣ་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད།
བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་འབྲེལ་ཚགས་ཤོག Guangming Daily 光明日报 འོད་སྣང་ཉིན་རེའི་ཚགས་པར་ཐོག ཨ་རིའི་གཞུང་དང་རྒྱ་ནག་གནས་སྡོད་ཨ་རིའི་གཞུང་ཚབ་པ་གསར་པ་གྷ་རི་ལོ་ཁི་ལ་སྐྱོན་བརྗོད་བྱས་པར། མི་མང་གིས་༼གལ་སྲིད་ཁྱེད་ཀྱིས་ཟིན་བྲིས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ཆེད་དུ་འཛེམས་ཟོན་དང་ངོ་ཚ་མེད་པའི་རྩོམ་ཡིག་སྤེལ་ཚེ་མ་འོངས་ཁྱེད་ཀྱི་དགྲ་བོ་ངོས་རང་གཅིག་པུ་ཡིན་མི་སྲིད་ལ་་་་དྲག་སྤྱོད་ཀྱིས་རྒྱ་ནག་མི་མང་དབང་སྒྱུར་བྱེད་པར་གཞུང་གིས་སྐྱག་རྫུན་དང་ཚུལ་འཆོས་ཀྱི་འཁྲབ་སྟོན་ད་དུང་ཡང་བྱེད་སྤྱོད་བྱེད་ཀྱིན་ཡོད་༽ཅེས་རྩོམ་ཡིག་འབྲི་མཁན་རྣམས་ལ་ཉེན་བརྡའི་འཕྲིན་ཡིག་མང་པོ་འབྱོར་ཡོད།
རྒྱ་ནག་མི་མང་ནང་གློག་ཀླད་དྲ་རྒྱ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་ནས་སྨྲ་བརྗོད་རང་དབང་གི་གོ་སྐབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། འཆར་སྣང་དུ་མི་མང་པོ་ཞིག་རྒྱ་ནག་གཞུང་གི་སྐྱག་རྫུན་གྱི་དྲིལ་བསྒྲགས་ལ་མགོ་བོ་ན་ནས༌། དྲི་བ་ནི་ད་ཆ་རྒྱ་ནག་གཞུང་ལ་འདོད་བློ་མི་ཁེངས་མཁན་མང་དུ་འགྲོ་བཞིན་པ་དང༌། ཁྱོན་ཆེ་བའི་མི་མང་དེ་དག་ཐོག་མ་འོངས་རྒྱ་ནག་གཞུང་གིས་མུ་མཐུད་སྟངས་འཛིན་ཇི་ལྟར་བྱ་རྒྱུ་ཡིན་མིན་དེ་རེད།
དེ་བཞིན་གནད་འགག་ཆེ་བའི་ས་ཁུལ་ཁག་ཏུ་གཞུང་ལ་ཁ་གཏད་ངོ་རྒོལ་བྱེད་མཁན་སྟེང༌། ཁ ཐུག་དྲག་གནོན་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་ཡིན།
ལྷིང་འཇགས་མེད་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་མཚོན་ན། འདི་ལོ་ས་ཁུལ་གང་སར་ཡར་ལངས་དང་ཞི་བའི་ངོ་རྒོལ་སྟེང་དྲག་གནོན་བྱས་པ་སོགས་ཧོན་ཐོར་ཞིང་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཞིག་ནས་གཞུང་གི་རྣམ་པ་གསལ་བཏོན་བྱས་ཡོད། རྒྱ་ནག་དབང་འཛིན་པ་ཚོའི་ལག་འོག་ནས་བོད་མི་རྣམས་སྡུག་སྦྱོང་དང་མནར་གཅོད་མྱོང་བཞིན་པར་དོ་སྣང་ཡོང་ཆེད།
བོད་མིའི་དགེ་འདུན་པ་གཉིས་ཀྱིས་འ་ཆད་འུ་ཐུག་གི་རང་ལུས་མེ་སྤར་ནས་པེ་ཅིང་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་དང༌། དེ་རྗེས་ཁོང་ཚོའི་དགོན་པ་ནང་རྒྱ་ནག་གཞུང་གིས་༼རྒྱལ་གཅེས་ཆོས་གཅེས་༽ཟེར་བའི་ལས་འགུལ་སྤེལ་ནས་འགྲོ་བ་མིའི་ཐོབ་ཐང་ཡོང་སུ་རྡོག་རོལ་བཏང་བ་སོགས་དཀའ་སྡུག་ཚད་མེད་བཟོས་ཡོད།
འདི་ལོ་ལོ་སྟོད་དུ་ཤིན་ཅང་ཡུ་གུ་གྲངས་ནུང་མི་རིགས་ས་ཁུལ་ཏུ་གྲོང་ཁྱེར་ཁག་གཉིས་ནང་དུས་ཟིང་བྱུང་ནས་ཁྱོན་མི་གྲངས་༣༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པས་མ་ཚད། མི་གྲངས་བཅུ་ཕྲག་འགའ་ཤས་རྨས་སྐྱོན་ཕོག་ཡོད། དྲག་གནོན་བྱེད་མཁན་གཡོ་སྒྱུར་ཆེ་བའི་དབང་འཛིན་པས་ཁོང་ཚོར་ religious extremism ༼ཆོས་ཞེན་དྲག་སྤྱོད་རིང་ལུགས་པའི་༽ཉེས་མིང་བཏགས་ཡོད།
རྒྱ་ནག་གཞུང་གིས་མི་མང་གི་རང་དབང་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང༌། དེ་ལན་དུ་ཉེ་བའི་ཟླ་འགའི་ནང་གསར་འགྱུར་བརྒྱུད་ལམ་ཁག་མང་པོས་སྔ་དང་མི་འདྲ་བ་རྒྱ་ནག་གཞུང་གི་སྟངས་འཛིན་ཞིབ་བཤེར་གྱི་ས་མཚམས་ལས་བརྒལ་ཏེ། དྲང་བདེན་གྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་དང༌། རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་བཏང་ཡོད།
ལྐོག་ས་རུལ་སུངས་དང་རྩོད་རྙོག་ཅན་གྱི་གནས་ཚུལ་ཏེ། ཉེ་ཆར་ཕྱི་ཟླ་༧པའི་ནང་རྒྱ་ནག་ཝན་ཀྲུའུ་གྲོང་ཁྱེར་ནང་མྱུར་ཚད་ཆེ་བའི་མེ་འཁོར་གདོང་ཐུག་གི་དོན་རྐྱེན་བྱུང་བས་མི་མང་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་དང༌། ཉེ་ཆར་ Beijing Times པེ་ཅིང་དུས་བབ་དང་ Beijing News པེ་ཅིང་གསར་འགྱུར་སོགས་ནས་ཐེངས་འདིའི་གནད་དོན་ནི་གཞུང་ལ་འགན་འཁུར་ཡོད་ལུགས་གསར་གནས་ཁྱབ་སྤེལ་བྱས་པར། དམར་གཞུང་གིས་གནས་ཚུལ་དེ་ཛ་དྲག་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དངངས་འཚབ་སྐྱེ་བཞིན་ཡོད་པ་རེད།
འདི་ལོ་ཨ་རབ་གསར་བརྗེའི་ལས་འགུལ་འགོ་འཛུགས་བྱས་པ་དང༌། རྒྱ་ནག་དབང་འཛིན་པ་ཚོ་གནད་དོན་དེའི་ཐད་དངངས་འཚབ་ཆེན་པོ་སྐྱེས་ཡོད་ལ། གལ་སྲིད་རྒྱ་ནག་ནང་དོན་དངོས་ཀྱི་གསར་བརྗེ་ལམ་ལྷོང་བྱུང་ཚེ། དེ་ནི་ལོ་རྒྱུས་ནང་ཆེས་གཞི་རྒྱ་ཆེ་བའི་གསར་བརྗེའི་འཕོ་འགྱུར་ཞིག་དང༌། རྒྱ་ནག་མི་མང་ཐེ་འབུམ་༡་༣གྱི་འཚོ་བའམ་འགྱུར་བ་ཐེབས་རྒྱུ་ཡིན་པ་རེད། དོན་དངོས་ཀྱི་དྲི་བ་ནི། ཕྱིས་དྲག་པ་དང་དུས་ཡུན་རིང་པོ་རེ་སྒུག་བྱེད་པའི་རྒྱ་ནག་གི་གསར་བརྗེ་མངོན་འགྱུར་ཡོང་བར། ནམ་ཞིག་རྒྱ་ནག་མི་མང་ཚོས་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྦྲེལ་ནས་གདུག་རྩུབ་ཆེ་བའི་སྲིད་གཞུང་དེ་མགོ་རྟིང་སློག་རྒྱུ་ཡིན་མིན་དེ་རེད། རྩོམ་པ་པོ་ཀར་ལིས་ཇིམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

དཔྱད་བརྗོད། 

