Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག ཀུན་གླེང་གསར་འགྱུར། རྗར་མི་ནིས་ྋགོང་ས་མཆོག་ལ་གཟེངས་རྟགས་ཕུལ་ཡོད་པ།

རྗར་མི་ནིས་ྋགོང་ས་མཆོག་ལ་གཟེངས་རྟགས་ཕུལ་ཡོད་པ།

Email པར་འདེབས།
22september201099རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༠ལོའི་ཟླ་༠༩ཚེས་༢༣ཉིན། ཕྱི་ལོ་༢༠༡༠ཟླ་༩ཚེས་༢༡ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐབས་ཅན་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་རྗར་མི་ནིའི་གྲོང་ཁྱེར་པཱ་སུ་ (Passau)ཞེས་པའི་ནང་ྋཞབས་སོར་བདེ་བར་འཁོད་གནང་བའི་སྐབས་སུ་མགོན་པོ་གང་ཉིད་ལ་༢༠༡༠ལོའི་མེན་སི་ཆེན་ཡོ་རོབ་ཀྱི་གཟེངས་རྟགས་(2010 Menschen in Europe Award)དེ་འབུལ་ལམ་ཞུས་ཡོད་འདུག དེ་ཡང་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུའི་མཛད་སྒོ་ཞིག་གི་ཐོག་ཡུལ་དེའི་ཧེ་སིའི་ཞེས་པའི་མངའ་སྡེའི་བློན་ཆེན་ཟུར་པ་རོ་ལན་ཌི་ཀོ་ཆི་ (Roland Koch) མཆོག་གིས་བོད་རྒྱའི་གནད་དོན་སྐོར་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་སེལ་ཐབས་སུ་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བཟང་པོ་དེ་བརླག་རྒྱུ་མེད་ལ། བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱས་ན་རྒྱ་ནག་གཞུང་དམངས་གཉིས་ལ་ཁེ་ཕན་ཡོད་པ་ངོས་ནས་ཡིད་ཆེས་བྱེད་བཞིན་ཡོད། ཅེས་དང་། འཛམ་གླིང་འདིའི་སྟེང་རང་དབང་ཡོད་པའི་མི་མང་ཡོངས་ནས་བོད་དོན་འཐབ་རྩོད་ཆེད་བདེན་པའི་རྒྱབ་ལངས་བྱས་ནས་རྒྱབ་སྐྱོར་གནང་་དགོས་ལུགས་འབོད་སྐུལ་ཤུགས་ཆེན་གནང་ཡོད་པ་རེད།

མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་བཀའ་སློབ་བསྩལ་གནང་དོན། ངོས་ལ་གཟེངས་རྟགས་འདི་གནང་བར་དགའ་སྤོབས་ཆེན་པོ་བྱུང་སོང་བ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ཆུང་བྱིས་པའི་དུས་ནས་རྒྱལ་ཁབ་འདི་དང་སེམས་ཐག་ཉེ་པོར་སླེབས་ཏེ་ཡུལ་འདིའི་སྐོར་ཤེས་རྟོགས་ཡོད་ལ། ཁྱེད་རང་ཚོས་ཐལ་བའི་དཀྱིལ་ནས་རྒྱལ་ཁབ་གསར་པ་ཞིག་འཛུགས་སྐྲུན་བྱས་པ་རེད། རྒྱལ་ཁབ་འདིར་སྐབས་དུ་མར་གཏོར་བཤིག་ཚབས་ཆེན་ཕོགས་ཡོད་ནའང་ཁྱེད་རང་ཚོས་སེམས་ཤུགས་ཆེན་པོས་དཔལ་འབྱོར་ཐོག་སྟོབས་ཆེན་དང་གཞུང་དེ་མང་གཙོའི་ལམ་ལུགས་བཟང་པོ་ཞིག་སྐྲུན་ཐུབ་ཡོད་པ་དེ་གལ་ཆེན་རེད། ཡུལ་འདིའི་ཤེས་ཡོན་གྱི་ལམ་ལུགས་དེ་འགྲོ་བ་མིའི་རིན་ཐང་དང་ཁྱད་ཆོས་ལྡན་པའི་ཐོག་ནས་ཤུགས་མང་ཙམ་རྒྱག་དགོས་པ་རེད་ལ། བཟང་སྤྱོད་ནི་ཆོས་ལུགས་ལ་གཞི་བཅོལ་བ་ཞིག་མ་ཡིན་པར་ཆོས་ལུགས་རིས་མེད་ལའང་གཞི་རྟེན་བྱས་ཆོག་པ་ཞིག་ཡོད། ཆོས་ལུགས་རིས་མེད་ཅེས་བརྗོད་པ་ནི་ཆོས་ལུགས་ལ་གུས་བརྩི་མ་ཞུ་བའི་གོ་དོན་མིན། ཞེས་སོགས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད། དེ་བཞིན་བགྲོ་གླེང་ཞིག་གི་སྐབས་སུ་དྲི་བ་ཁག་ལ་བཀའ་ལན་བསྩལ་གནང་དོན། ང་ཚོ་བོད་མི་མི་ཚོའི་དགོས་འདུན་ནི་གོ་བདེ་པོ་ཞིག་ཡིན་ལ། བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ནས་གང་ཡང་བྱེད་རྒྱུ་མེད་པ་ཞིག་རེད། བོད་མི་རྣམས་ཀྱི་ངོས་ལ་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་མང་ཆེ་བས་ངོས་ལ་ཉན་འཇོག་བྱེད་ཀྱི་རེད། ངོས་རང་ཉིད་ནི་མི་དཀྱུས་མ་ཞིག་ཡིན། བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་ངོས་མི་སྒེར་གྱི་གནད་དོན་ཞིག་ལ་བཟོ་ཐབས་བྱེད་བཞིན་ཡོད། དུས་རབས་༢༠པ་དེ་དམག་འཁྲུག་གི་དུས་རབས་ཤིག་ཡིན་པ་དང། དུས་རབས་༢༡འདི་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་བཟོ་དགོས། ཞི་བདེ་ཞེས་པ་དེ་ཡང་རྩོད་རྙོག་གཏན་ནས་མེད་པ་ཞིག་ལ་གོ་རྒྱུ་ཡོད་པ་མ་རེད། འོན་ཀྱང་རྩོད་རྙོག་སེལ་ཐབས་ཀྱི་དམིགས་ཡུལ་དེ་ཕན་ཚུན་གཉིས་ཀའི་ཐད་ནས་ངོས་ལེན་བྱེད་ཐུབ་པ་དང་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཐེངའ་འདིར་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་གཟེངས་རྟགས་དེ་བཞིན་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀོ་ཕི་ཨ་ནན་དང༌། ཇར་མན་སྲིད་བློན་ལྕམ་ཨེན་ཇི་ལ་མེ་ཁེལ། དེ་བཞིན་ཨི་སི་རེལ་གྱི་སྲིད་འཛིན་ཤི་མོན་པེ་རི་སི་བཅས་ལ་རིམ་པས་ཕུལ་ཡོད་པ་ཞིག་རེད་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 27 ཕྱི་ཟླ་དགུ་པ། 2010 14:13 )  


......