རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༢ཉིན། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་ཡིན་པ་ཚོང་པ་རྟ་མགྲིན་ལགས། ནང་ཆེན་རྫོང་ནས་བྱུང་བའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་དུ་མཉམ་ཞུགས་གནང་ཡོད་པའི་དོགས་གཞིའི་འོག ཁྲིན་ཏུའུ་སཱང་ལུའུ་གནམ་ཐང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
རང་ལོ་༣༢ཡིན་པའི་རྟ་མགྲིན་ལགས་ནི་ནང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་སོགས་ཀྱིས་ཚོང་རྒྱག་མཁན་གྱི་ཚོང་བ་ཞིག་ཡིན་པ་དང༌། ཕྱི་ཚེས་༨ཉིན། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་བོད་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་བསང་མཆོད་དང་སྨོན་ལམ་གསུང་འདོན་སོགས་བྱས་ནས་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་གདུང་སེམས་མཉམ་སྐྱེད་གནང་བའི་ལས་འགུལ་ནང་དུ་མཉམ་ཞུགས་གནང་ཡོད་པའི་དོགས་གཞིའི་འོག ཟླ་འདིའི་ཕྱི་ཚེས་༢༢ཉིན། ཁོང་ཟི་ལིང་ནས་ཁྲིན་ཏུའུ་གྲོང་ཁྱེར་དུ་འབྱོར་སྐབས། ཁྲིན་ཏུའུ་སཱང་ལུའུ་གནམ་ཐང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང༌། ད་ལྟའི་ཆར་ཁོང་གི་ཁྱིམ་མི་སོགས་ཀྱིས་ཁོང་གར་སོང་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག
དེ་ཡང་གནས་ཚུལ་མཁོ་སྤྲོད་པས་ངོ་སྤྲོད་བྱས་པ་ལྟར་ན། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བའི་ཉིན་མ་དེར་ཞི་རྒོལ་བ་གཅིག་ཀྱང་འཛིན་བཟུང་བྱས་མེད་ཀྱང༌། རྗེས་སུ་ཁྲིན་ཏུའུ་ཉེན་རྟོག་པ་དང་ཟི་ལིང་ཉེན་རྟོག་པ་གཉིས་ལག་འབྲེལ་གྱིས་གྲོང་ཁྱེར་དེ་གཉིས་ཀྱི་ནང་དུ་རྟེན་གཞི་བྱས་ཡོད་པའི་བོད་རིགས་ཞི་རྒོལ་བ་མང་པོ་འཛིན་བཟུང་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

གསར་འགྱུར། 

